དཀར་ཆག
བསྟོད་ཚོགས

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་བསྔགས་པ་དད་པའི་སྒྲ་དབྱངས་བཞུགས།

ལྷར་བཅས་འགྲོ་བ་ཡོངས་ཀྱི་མགོན།།
བདེན་གཉིས་སྟོན་ལ་ཟླ་བྲལ་བ།།
ཐབས་མཁས་བརྩེ་བ་ཆེན་པོའི་བདག །
བཅོམ་ལྡན་ཤཱཀྱའི་རྒྱལ་པོར་བསྔགས།།

སྔོན་ཚེ་ཁ་བ་རི་པའི་ཞིང་།།
མདོ་སྔགས་བསྟན་པ་རིན་པོ་ཆེ།།
དབྱར་ཀྱི་མཚོ་ལྟར་བརྡོལ་བ་ལས།།
ཡུལ་དབུས་གཉིས་པ་ལྟར་དུ་བཀུར།།

རྗེ་འབངས་ཉེར་ལྔ་མར་མི་དྭགས།།
གཅོད་ཡུལ་བརྒྱུད་པའི་བླ་མ་སོགས།།
ཐུགས་རྒྱུད་རྟོགས་པས་ཕྱུག་པ་ཡི།།
དོན་གྱི་གྲུབ་ཐོབ་མང་པོ་བྱོན།།

ཁྱད་པར་པད་མའི་རྒྱལ་ཚབ་ཆེ།།
ཤེས་བྱ་ཀུན་གཟིགས་གྲུབ་པའི་དབང་།།
འཇིགས་མེད་ཕུན་ཚོགས་ཆོས་ཀྱི་རྒྱལ།།
ཡང་དར་བསྟན་པའི་དེད་དཔོན་ཆེ།།

དེང་དུས་ལེགས་བྱས་སྨིན་པའི་དཔལ།།
ཚུལ་ཁྲིམས་བློ་གྲོས་ཟླ་བ་དཀར།།
གངས་ཅན་མཁའ་ལ་ཤར་བ་ལས།།
ཐུབ་བསྟན་སྲོག་གི་དབང་པོ་གསོས།།

དམ་པ་དག་གི་རྣམ་ཐར་བཞིན།།
དད་དང་ཤེས་རབ་ཟུང་འཇུག་གིས།།
ཐོས་བསམ་སྒོམ་པ་ལ་གཞོལ་ནས།།
ཐེག་པ་ཡོངས་ཀྱི་མཛོད་དུ་གྱུར།།

སྲིད་ན་མངོན་པར་མཐོ་བ་ཡི།།
དྲེགས་པའི་ཆོ་ལོོ་མ་བཞེས་ཀྱང་།།
ཐུགས་གཙང་ས་ལེ་སྦྲམ་གྱི་འོད།།
ཕྱོགས་ཀུན་སྤྲོས་ཚེ་མང་གིས་བཀུར།།

དེང་དུས་བླ་ཚོགས་བརྒྱ་སྟོང་ཁྲོད།།
རང་དོན་ཞེན་འཁྲིས་མ་སྦགས་པར།།
བསྟན་འགྲོར་སྨན་པའི་ལྷག་བསམ་ཉིད།།
འཛིན་པ་ཁྱོད་ཉིད་གཅིག་པུ་ཙམ།།

རྫོགས་ཆེན་ཕྱག་ཆེན་གདམས་ངག་སོགས།།
འཆད་ཀྱང་རང་རྒྱུད་མ་ཐུལ་བའི།།
བཤེས་གཉེན་དག་དང་མི་མཚུངས་པར།།
ཁྱོད་ནི་ཕྱི་ནང་ཀུན་ཏུ་སྨིན།།

ནང་གི་གཙུག་ལག་ཐུགས་ལ་མངའ།།
ཚན་རིག་དང་ནི་ཕྱིི་ཡི་གཞུང་།།
མཐའ་དག་གསལ་བར་གཟིགས་པ་ཡི།།
མ་ཧཱ་པཎྜ྄ི་ཏ་ཁྱོད་བསྔགས།།

ཐུགས་ཡིད་པདྨོའི་དགའ་ཚལ་ཆེ།།
འཇམ་དཔལ་རྡོ་རྗེ་རྣོན་པོ་ཡི།།
བྱིན་རླབས་འོད་ཟེར་གྱིས་བཏབས་པས།།
འཆད་རྩོད་རྩོམ་ལ་འགྲན་ཟླས་དབེན།།

ཤེས་རབ་དམན་པའི་དབང་གྱུར་ཞིང་།།
ཐོ་ཅོའི་ལྟ་སྤྱོད་ལ་དགའ་བའི།།
རྣམ་མང་སྐྱེ་བོ་བྱེ་བ་ལ།།
ནང་དོན་རྣལ་མའི་བདུད་རྩི་བསྩལ།།

དད་དང་བརྩོན་འགྲུས་ལྡན་ན་ཡང་།།
དེང་རབས་ཤེས་རིག་ལ་རྨོངས་པའི།།
བརྩེ་འོས་རང་རེའི་མི་རིགས་ལ།།
དུས་བབ་རིན་བྲལ་བསླབ་བྱ་གནང་།།

སྙིགས་མའི་རང་མདངས་བརྟས་པ་ལས།།
དུས་མིན་འཆི་བ་ལ་སྦྱོར་ཞིང་།།
མི་འདོད་རྐྱེན་ཀུན་འབྱུང་བའི་སྒོ།།
ནད་ཡམས་འགོག་ལ་རྩོལ་བ་མཛད།།

དུས་ཀྱི་འཕོ་འགྱུར་འཚུབ་པའི་གསེབ།།
བྷོ་ཊའི་སྐད་ཡིག་མར་མེ་ཉིད།།
རིམ་གྱིས་འགྲིབ་པ་མ་བཟོད་པར།།
མིང་ཚིག་བསྒྱུར་བཟོའི་ཕྱག་རྗེས་བཞག།

བསྟན་ལ་བརྩེ་བ་རབ་དྲགས་པས།
ཁ་གསག་ངོ་སྲུང་མི་བསྒྲུབ་པར།།
གཟུ་བོར་གནས་པའི་ལེགས་བཤད་ཀྱིས།།
ཚུལ་དང་མི་མཐུན་ལུགས་སྲོལ་དགག།

སྔོན་སྨོན་ལས་དབང་གིས་བསྐུལ་བས།།
སྐད་དང་རིགས་ཁམས་མི་གཅིག་པའི།།
ཕྱོགས་ཀྱི་དད་ལྡན་བྷྲ་མ་ར།།
ཞལ་གསུང་སྦྲང་རྩིའི་བཅུད་ལ་ལྷགས།།

བསྟོད་དང་བཀུར་སྟིའི་ཕུང་བོ་ནི།།
སྒྱུ་མ་བཞིན་དུ་ཉེར་གཟིགས་ནས།།
སྲིད་པའི་དཔལ་ལ་མི་ཞེན་པར།།
ཀུན་སྤངས་ཆེན་པོའི་རྣམ་ཐར་བསྐྱང་།།

མཐོ་བ་རྣམས་ལ་མི་ཞེད་ཅིང་།།
དམའ་བ་དག་ལ་མི་བརྙས་པར།།
དཔའ་བོ་ཆེན་པོའི་བརྟུལ་ཞུགས་ཀྱིས།།
ཀུན་ལ་ལམ་སྲོལ་ལེགས་པ་བསྩལ།།

ཕྱི་རུ་སྤྱོད་པས་གཞན་ཡིད་འགུག།
ནང་དུ་རླབས་ཆེན་སེམས་དཔའ་མཆོག།
གསང་བ་རྣལ་འབྱོར་དབང་ཕྱུག་ཆེ།།
ཁྱོད་འདྲ་དུས་འདིར་བཞད་པ་རྨད།།

ཨེ་མ་རྣམ་དཀར་ལེགས་ཚོགས་དང་།།
ཡོན་ཏན་མཐའ་དག་འབྱུང་བའི་གཞི།།
ཚུལ་ཁྲིམས་དྲི་མ་མེད་པ་ཉིད།།
ལྷུར་དུ་བཞེས་པར་ཀུན་གྱིས་བསྔགས།།

ཉམས་རྟོགས་ནམ་མཁའ་ལས་མཐོ་ཡང་།།
ཞབས་འབྲང་བྲན་གཡོག་གིས་བསྐོར་བའི།།
མི་ཆེན་བརྟུལ་ཞུགས་བློས་བཏང་ནས།།
ཞི་ཞིང་དུལ་བར་བཞུགས་པ་མཚར།།

ལྟ་བ་དག་མཉམ་མཁའ་ལ་རོལ།།
བསྡུ་བཞིས་རྣམ་མང་གདུལ་བྱ་སྐྱོང་།།
གང་འདུལ་ཐབས་ཀྱིས་གཞན་ཕན་སྒྲུབ།།
དོན་གྱི་རྡོ་རྗེ་འཛིན་པ་ཉིད།།

མཁས་པས་དཔལ་མགོན་ཀླུ་ཡི་དབང་།།
བཙུན་པས་ཤནྟ་རཀྵི་ཏ།།
བཟང་བས་རྒྱལ་བ་ཀློང་ཆེན་པ།།
སླར་ཡང་ཞིང་འདིར་ཕེབས་སམ་ཅི།།

རྗེ་བཙུན་ཨ་བྷྱའི་མཚན་ཅན་གྱིས།།
བསྟན་འཛིན་མཆོག་ཏུ་འགྱུར་རོ་ཞེས།།
ཞལ་ནས་ལུང་བསྟན་དབུགས་དབྱུང་བཞིན།།
ལུང་རྟོགས་རྒྱན་མཚན་མཁའ་རུ་བསྒྲེངས།།

མདོར་ན་ཁ་བ་རི་པ་ཡི།།
གཙུག་ནོར་ལྟ་བུར་རབ་མཛེས་པའི།།
མགོན་ཁྱོད་འཚོ་ཞིང་གཞེས་པ་ལ།།
བདག་སེམས་སྤྲོ་བའི་བསྟོད་ཚིག་འབུལ།།

རབ་འབྱམས་ཆོས་མཆོག་སྟོང་པ་ཉིད།།
རྩ་གསུམ་ལྷ་ཡི་བདེན་སྟོབས་ཀྱིས།།
གང་སྐུ་འཚེ་བས་མ་གོས་པར།།
མཛད་ཕྲིན་འོད་སྣང་འགྱེད་པར་སྨོན།།

ཞེས་ཕྱི་ནུབ་ཕྱོགས་ཀྱི་རྒྱལ་ཁམས་སུ་མི་ཚེ་སྟོང་ཟད་དུ་བཏང་ཞིང་ཆོས་བརྒྱད་ཀྱི་ཁོལ་བོར་གྱུར་པ་གྱི་ན་བ་ཨ་གནམ་ཐུབ་བསྟན་དུ་འབོད་པས། མཁན་ཆེན་རིན་པོ་ཆེའི་ཞལ་གསུང་ཐོས་ཤིང་། འཕགས་པའི་མཛད་སྤྱོད་མིག་གིས་མཇལ་བའི་སྐལ་བ་ཐོབ་པས་ཡིད་རབ་ཏུ་རང་བའི་མཚོན་རྟགས་སུ་ཐོལ་བྱུང་གི་བསྟོད་ཚིག་དབང་མེད་དུ་ཕུལ་བར། ཕྱིས་སུ་ཤོ་ལོ་ཀ་དུ་མ་བསྣན་པའོ།།