ཀུན་རྟོག་སྤྲོས་པའི་དྲྭ་བ་ཡོངས་ཟད་ནས།།
ཀུན་གཞིའི་ཆོས་རྣམས་དབྱིངས་སུ་ཞིག་པ་ན།།
ཀུན་ཏུ་བཟང་པོའི་རང་ཞལ་མངོན་གྱུར་པས།།
ཀུན་ལས་རྒྱལ་བའི་དགའ་སྟོན་རོལ་ལ་བསྔགས།།
མཉམ་མེད་རྒྱལ་བ་བཅོམ་ལྡན་འདས་ཆེན་པོ་དང་འཕགས་པའི་ཡུལ་གྱི་མཁས་གྲུབ་རྣམས་ཀྱིས་ལེགས་པར་གསུངས་པའི་ལུང་ཚད་ལྡན་རྣམས་སུ། ཀུན་གཞིའི་རྣམ་གཞག་གཏན་ལ་ཕབ་པར་མཛད་པས། ཐེག་པ་ཆེན་པོ་སྤྱིའི་གྲུབ་མཐའ་དང་རྡོ་རྗེ་ཐེག་པའི་གཞུང་རྣམས་སུ་ཀུན་གཞིའི་རྣམ་གཞག་ཁས་ལེན་ཞིང་། འཕགས་པ་ཀླུས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། སམྦུ་ཊིའི་རྒྱུད། དཔལ་ལྡན་དུས་ཀྱི་འཁོར་ལོ། བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོའི་རྒྱུད་སོགས་སུ་བསྟན་ཟིན། དེ་བཞིན་དུ་བོད་སྔ་རབས་པའི་མཁས་པ་མང་པོས་དགོངས་པ་གཅིག་དང་དབྱངས་གཅིག་གིས་མདོ་སྔགས་གཉིས་ཀའི་ལུགས་སུ་ཀུན་གཞི་ཡོད་པར་བསྒྲུབས་ཤིང་། ཀུན་གཞིའི་ངོ་བོ་དང་། དེ་དང་ཆོས་སྐུ་གཉིས་ཀྱི་ཤན་འབྱེད་ཚུལ། དེ་ཉིད་མཐར་ཟག་མེད་ཡེ་ཤེས་ཀྱི་ངོ་བོར་གནས་འགྱུར་སྟངས། ཀུན་གཞི་དང་ཚོགས་བརྒྱད་ཀྱི་རྣམ་གཞག། ཀུན་གཞིའི་ཐ་སྙད་དོན་གཞན་ལ་འཇུག་ལུགས་སོགས་གསལ་བོར་བཀྲལ་ཟིན། སྤྱིར་ཀུན་གཞི་ཞེས་པའི་ཐ་སྙད་ལ་འགྲེལ་སྟངས་མི་འདྲ་བ་བྱུང་བ་མ་ཟད། དེས་ན་ཀུན་གཞིའི་སྒྲ་འཇུག་པ་ཙམ་གྱིས་ཡུལ་དེ་ཀུན་གཞི་དངོས་སུ་ཁས་ལེན་མི་དགོས་པ་མ་ཟད། ཀུན་གཞི་ཞེས་པའི་ཐ་སྙད་ནི་སྐབས་ཐོབ་ལྟར་དུ་གོ་དགོས་ཀྱི། ཀུན་གཞི་ཞེས་ཚིག་ཡོད་ཚད་གཅིག་ཏུ་གོ་ན། ནོར་འཁྲུལ་གྱི་གཡང་སར་འགྲོ་བའི་ལམ་ལས་མ་འདས་སོ། །བོད་གངས་ཅན་གྱི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་མཁྱེན་བླ་མ་དྲི་མེད་འོད་ཟེར་མཆོག་གིས་མཛད་པའི་རྫོགས་པ་ཆེན་པོའི་གཞུང་རྣམས་སུ། ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་གཉིས་ཀྱི་དབྱེ་བ་སོགས་གསལ་བར་བཀྲལ་ཡོད་པ་དག། འདིར་རང་བློས་ཅི་ལྕོགས་སྒོས་སྐྱར་ཟློས་ཉུང་ཙམ་བྱེད་པ་ལ། དེ་ཡང་ཐོག་མའི་ཡེ་གཞི་ཆེན་པོ་ལས། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ་གཞིར་གནས་ཀྱི་སྐུ་གསུམ་གྱི་རང་རྩལ་ཉིད་ཡུལ་དུ་ཤར་བ་དེ། རང་སྣང་དུ་མ་རྟོགས་པར་ཕར་ཡུལ་དུ་བཅད་པ་འཁོར་བའི་འདུ་བྱེད་དུ་གྱུར་ནས། རིག་པ་ལ་བག་ཆགས་ཀྱིས་བསླད་ཚེ། ཀུན་གཞི་ལས་ཀུན་གཞིའི་རྣམ་ཤེས་དང་ཡིད་ཀྱི་ཤེས་པ་མཆེད་ནས་ཁམས་གསུམ་དུ་འཁྲུལ་བ་ཡིན་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩལ་ལས་རོལ་བར་ཤར་བའི་རང་ངོ་ལ། །རྟོགས་པས་གློ་བུར་ཡང་སངས་རྒྱས་པ་དང་། །མ་རྟོགས་མ་རིག་འཁྲུལ་པའི་ཚོགས་ཤར་བས། །ཀུན་གཞི་ལས་མཆེད་ཚོགས་བརྒྱད་ཡུལ་དང་བཅས། །སྣང་སྲིད་སྣོད་བཅུད་རོལ་བར་ཅི་ཤར་ཡང་། །བྱང་ཆུབ་སེམས་ཀྱི་ཀློང་ལས་གཡོས་པ་མེད། །ཅེས་དང་། དེའི་འགྲེལ་པ་ལུང་གི་གཏེར་མཛོད་ལས། ཀུན་གཞི་སེམས་ཀྱི་རྩ་བ་ཅན་མ་རིག་པ་ལུང་མ་བསྟན་ལས། ཀུན་གཞིའི་རྣམ་ཤེས་རྟོག་མེད་དྭངས་པ་ཙམ་དང་། སྒོ་ལྔའི་རྣམ་ཤེས་རྟོག་མེད་རང་གསལ་དང་། ཡིད་ཀྱི་རྣམ་ཤེས་རྟོག་པ་དང་བཅས་པ་ཡུལ་འཛིན་པ་དང་རྟོག་མེད་རྩེ་གཅིག་གནས་པ་ཙམ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་ཤེས་དུག་གསུམ་གང་རུང་དུ་སྐྱེས་པའི་ཆར་གནས་པའོ། །ཞེས་གསུངས། སྔར་གྱི་གཞུང་རྣམས་སུ་ཀུན་གཞི་ལུང་མ་བསྟན་ནི་མེ་ལོང་དང་འདྲ་ལ། ཀུན་གཞིའི་རྣམ་ཤེས་ནི་མེ་ལོང་གི་དྭངས་གསལ་དང་འདྲ་བ་དང་། སྒོ་ལྔའི་ཤེས་པ་ནི་གཟུགས་བརྙན་ཤར་བ་དང་འདྲ་བ་བསྟན་པ་ལྟར། ཀུན་གཞི་ནི་རྟོག་མེད་ལུང་མ་བསྟན་གཉིད་དུ་སོང་བ་ལྟ་བུར་གནས་པ་ལས། གསལ་ལ་མི་རྟོག་པའི་ཤེས་པ་ཕྲ་མོ་ཙམ་ལངས་པ་དེ་ཀུན་གཞིའི་རྣམ་ཤེས་དང་། དེ་ནས་ཚོགས་དྲུག་གི་ཤེས་པ་སྣ་ཚོགས་པ་མཆེད་འོང་བ་ཡིན་པས། ང་ཚོའི་རྒྱུད་ཀྱི་རྟོག་ཚོགས་མང་པོ་ཞིག་ནི་ཀུན་གཞིའི་ངང་ལས་འཕྲོ་ཞིང་། ཀུན་གཞིའི་ཀློང་དུ་ཐིམ་འགྲོ་བཞིན་པ་ཡིན་ཏེ། ཉིན་མོ་སད་པའི་དུས་སྐབས་རྣམས་སུ། ཤེས་པ་སྣ་ཚོགས་པ་མཆེད་བཞིན་ཡོད་པ་འདི་དང་པོ་ཀུན་གཞི་ལས་འཕྲོས་པ་ཡིན་ཞིང་། མཚན་མོ་མར་ཉལ་བའི་སྐབས་སུ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་རྟོག་ཚོགས་རགས་པ་བདུན་པོ་རྣམས་ནི་ཀུན་གཞི་ལ་ཐིམ་འགྲོ། གཉིད་དུ་འགྲོ་ཁའི་ཤེས་པ་གསལ་ལ་རྟོག་མེད་ཅིག་ཡོད་པ་དེ་ཀུན་གཞིའི་རྣམ་ཤེས་ཡིན། དེ་ནས་ཀུན་གཞིའི་རྣམ་ཤེས་དེ་རིམ་གྱིས་ཀུན་གཞིར་ཐིམ་འགྲོ། ཀུན་གཞི་ནི་དེའི་སྐབས་ཀྱི་རྟོག་མེད་གཉིད་ཀྱི་ཤེས་པ་དེ་ཡིན། མཐར་ཀུན་གཞི་ཉིད་ཀྱང་ཆོས་སྐུར་ཐིམ་ནས་དར་ཅིག་ལ་གནས་པ་ཡོད་པས། རྣལ་འབྱོར་པ་རྣམས་ཀྱིས་དེ་ཉིད་ཟིན་ན་གཞིའི་འོད་གསལ་ཟིན་པར་འགྱུར། དེ་ལས་མ་གཡོས་ན་གཉིད་འོད་གསལ་དུ་འཆར། གལ་ཏེ་དེ་ལས་གཡོས་ན་ཆོས་སྐུ་ལས་ཀུན་གཞིར་མཆེད་ཅིང་། དེ་ལས་ཀུན་གཞིའི་རྣམ་ཤེས་མཆེད་པའི་སྣང་ངོར་རྨི་ལམ་གྱི་རྣམ་པ་སྣ་ཚོགས་པ་འཆར། གཉིད་ལས་སད་པ་ན། ཀུན་གཞིའི་རྣམ་ཤེས་ཚོགས་བདུན་གྱི་རྣམ་པར་འཆར་ནས། རྫོགས་མི་འོང་བ་ལྟ་བུའི་ཉིན་དུས་ཀྱི་སྣང་བ་ལ་སྤྱོད་པ་ཡིན་གསུངས། གཞན་ཡང་ཀུན་མཁྱེན་ཀློང་ཆེན་པས་མཁའ་འགྲོ་ཡང་ཏིག་ཏུ་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་ངོས་འཛིན་ཚུལ་གྱི་དཔེ་ཞིག་གསུངས་པ་ལྟར་ན། སྐྱེས་བུ་ཞིག་ཐང་ཆད་ནས་ངལ་གསོ་བའི་ཚེ། ཅི་དྲན་འདི་དྲན་གང་ཡང་མེད་པ། དྲན་པ་བརླག་པ་ལྟ་བུའི་སྟོང་ཧད་དེ་བ་ཞིག་འབྱུང་བ་དེ་ཀུན་གཞི། དེ་ལས་ཆེར་འགོར་མི་དགོས་པར་སྣང་ཡུལ་མ་འགགས་པར་ལམ་མེར་གསལ་ཡང་། དེར་འཛིན་མ་ཞུགས་གོང་དུ། གསལ་ལ་རྟོག་མེད་ཀྱི་ཤེས་པ་ཞིག་སྐྱེ་འོང་བ་དེ་ཀུན་གཞིའི་རྣམ་ཤེས། དེའི་སྟེང་དུ་སྒྲ་ལ་སོགས་བྱུང་ཚེ། དེ་ལ་སྙན་མི་སྙན་ཚོར་བ་དེ་རྣ་བའི་རྣམ་ཤེས་ཡིན་ནོ། །སྐབས་སྐབས་སུ་ལམ་སྒོམ་པ་ཉམས་སུ་ལེན་པའི་སྐབས་སུ། སྒོམ་སྟོབས་ཀྱིས་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་ཀྱི་ཐོག་ཏུ་སླེབས་པ་ཡོད་ཅིང་། དེ་གོལ་ས་ཡིན་ཀྱང་མཐའ་གཅིག་ཏུ་ལོག་པར་འཛིན་མི་དགོས་སྟེ། ལས་དང་པོ་པ་མང་དག་ཅིག་གིས་ཐོག་མར་འདི་ཙམ་རེ་རྙེད་ནས། རིམ་གྱིས་རྫོགས་པ་ཆེན་པོའི་སྒོམ་དངོས་གཞི་མཚན་ཉིད་པ་ཞིག་སྒོམ་ཤེས་འོང་། དེ་ནི་སྒོམ་སྐབས་སུ། ཤེས་པ་དྲན་མེད་ཅི་ཡིན་འདི་ཡིན་མེད་པ་ཐོམ་མེ་བའི་ཉམས་འབྱུང་སྐབས་སུ་དེ་ཀུན་གཞི་ཡིན་ཀྱང་། ཚུར་ནང་ལ་ཤེས་པ་དེའི་ངོ་བོར་བལྟས་ནས། ཉམས་སུ་མྱོང་མཁན་གང་ཡིན་བཙལ་བས་མ་རྙེད་པ་ན། དེའི་ཡིན་ལུགས་ཁོ་ཐག་ཆོད་ནས། མྱོང་བྱ་མྱོང་བྱེད་ཀུན་ལས་འདས་པའི་རིག་པ་སྟོང་གསལ་ཟང་ཐལ་ལེ་བ་མྱོང་རྒྱུ་ཡོད་པ་ལ། གོང་མ་རྣམས་ཀྱིས་མ་རིག་སྒོ་ངའི་སྦུབ་འབྱེད་པའི་མན་ངག་ཅེས་སུ་བཏགས་པ་ཡིན་པར། འཇམ་མགོན་མི་ཕམ་གྱིས་མཛད་པའི་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ་མུན་སེལ་སྒྲོན་མེར་གཟིགས་དང་མཁྱེན་ངེས། འོན་ཀྱང་སྒོམ་སྐབས་སུ་རྟོག་མེད་ཀྱི་ཀུན་གཞི་དེ་རིག་པ་ཆོས་སྐུར་གོལ་ན། ཡུན་རིང་བསྒོམས་ཀྱང་རྟོགས་པ་རྣལ་མ་སྐྱེ་མི་ནུས་ཤིང་། ས་ལམ་གྱི་ཡོན་ཏན་ཅི་ཡང་མི་འབྱུང་བས། རྫ་དཔལ་སྤྲུལ་རིན་པོ་ཆེས། དེང་སང་དུས་ཀྱི་གནས་སྐབས་ལ།།བླ་མ་སློབ་མ་ལ་ལ་ཡིས།།བླ་མས་སློབ་ཉེས་སློབ་མས་སྒོམ་ཉེས་ཀྱིས།།མི་ལོ་བདུན་ཅུ་བརྒྱད་ཅུ་བསྒོམ་ན་ཡང་།།ཉམས་རྟོགས་མ་སྐྱེས་མིའང་མང་བོ་གདའ།།ཞེས་གསུངས་པ་ལྟར་འགྱུར་ཉེན་ཆེ་བ་ལགས་ན། ཀུན་ཏུ་བཟང་བོའི་གོ་འཕང་དོན་དུ་གཉེར་བའི་ཐར་བ་འདོད་པ་དག་གིས་ཀུན་མཁྱེན་ཀློང་ཆེན་པ་སོགས་རིག་འཛིན་གོང་མའི་གསུང་རབ་བྱིན་རླབས་ཅན་དག་ལ་ཐོས་བསམ་བྱས་ནས་རྫོགས་པ་ཆེན་པོའི་སྐབས་ཀྱི་ཤན་འབྱེད་རྣམས་ལ་མཁས་པར་བྱ་རིགས་སོ། །
དེ་སྐད་སྨྲས་པ་གཞན་ལ་མི་མཁོ་ཡང་།།
རང་གི་རྒྱུད་ལ་གོ་བ་སྐྱེ་ཕྱིར་དུ།།
ཀུན་མཁྱེན་ཡབ་སྲས་གསུང་ལ་གཞི་བྱས་ནས།།
ཟིན་བྲིས་ཚུལ་དུ་བདག་གིས་བཀོད་པའོ།།