དཀར་ཆག
སྙན་མགུར

དབེན་གནས་ཤིག་ཏུ་བསྐྱོད་པའི་གཏམ།

གངས་ལྗོངས་ཆོས་ཀྱི་དཔའ་བོ་བཞད་པ་ཡི་རྡོ་རྗེ།།
དྲི་མེད་འོད་ཟེར་རྒྱལ་བ་ཀུན་འདུས་ཀྱི་སྤྱི་གཟུགས།།
མཁྱེན་བརྩེའི་འོད་ཟེར་ལ་སོགས་སར་བཞུགས་ཀྱི་དཔའ་བོ།།
སྔོན་བྱོན་གོང་མའི་རླབས་ཆེན་རྣམ་ཐར་ལ་སྙེག་རན།།

སྐྱེ་བོ་ཐམས་ཅད་འཇིག་རྟེན་འབྱོར་བ་ལ་སྲེད་ཅིང་།།
སྙིང་བོའི་ལྷ་ཆོས་བྱེད་མཁན་ཉིན་སྐར་ལས་ཉུང་བ།།
ཉོན་མོངས་དུག་ལྔའི་མུན་ནག་ཇེ་འཐུག་ཏུ་འགྲོ་བའི།།
ད་ལྟའི་དུས་འདི་བསམ་གྱིན་དབང་མེད་དུ་སྐྱོ་བྱུང་།།

སྐད་ཅིག་སྡོད་ལོང་མེད་པའི་དེང་དུས་ཀྱི་འཚོ་བ།།
དོན་མེད་འཚུབ་ཆ་ཆེ་བའི་མི་ཚོགས་ཀྱི་ཡོ་ལང་།།
དགོས་མཁོ་ཉུང་བའི་རྣམ་གཡེང་ཁོ་ན་ཡི་ལས་ཀ།
དེ་གསུམ་བྲལ་བའི་དབེན་པའི་རི་ཁྲོད་འདི་སྐྱིད་པ།།

རི་ཡི་འདབས་སུ་མཐིང་མདོག་རྒྱ་མཚོ་ཞིག་འཁྱིལ་ཞིང་།།
བར་དུ་རྔམས་བརྗིད་ལྡན་པའི་ནགས་ཚལ་གྱིས་བརྒྱན་བཞིན།།
རྩེ་མོ་དགུང་ལ་རེག་འདྲའི་ཡ་མཚན་གྱི་གནས་འདིར།།
མི་ཚེ་གང་བོ་བསྐྱལ་འདོད་ཚོར་བ་ཞིག་ཤར་ཐལ།།

རིན་ཐང་ཆེ་བའི་གཟབ་རྒྱས་བཟའ་བཏུང་གི་འདོད་ཡོན།།
སྣ་ཚོགས་ཞིམ་པའི་རོ་ལྡན་ཟས་སྣ་དག་མེད་ཀྱང་།།
ཟ་མ་ངན་ངོན་ཙམ་གྱིས་ལྟོ་བ་དེ་ཚིམས་ཚེ།།
ས་སྟེང་འབྱོར་བ་རང་ལ་ཐོབ་པ་བཞིན་དགའ་འོ།།

མ་མཐོང་ཨེ་འཕྲད་སྙམ་པའི་བརྩེ་དུང་ནི་ཆེ་རུང་།།
འཛོམས་ཚེ་ངན་གཡོ་ཆགས་སྡང་ཁོ་ན་ཡི་སྒོ་མོ།།
མཁོ་དུས་རྒྱང་རིང་ཡོལ་བའི་གཉེན་ཉེ་ཚོ་མེད་པའི།།
ཞི་འཇམ་རི་བོའི་སུལ་ལ་གུ་ཡངས་སུ་གནས་ཆོག།

འབྲུག་སེང་རི་མོས་སྤྲས་པ་བླ་ཆེན་གྱི་བཞུགས་ཁྲི།།
གསེར་གྱི་རྒྱ་ཕིབས་མཐོ་བའི་ལྷ་ཁང་སོགས་མེད་པར།།
བཀྲག་ཡལ་སྤྱིལ་བུའི་ནང་དུ་ཏིང་འཛིན་ལ་གཞོལ་ཚེ།།
ཉམས་སྣང་བདེ་བའི་དགའ་སྟོན་ཚར་རྒྱུ་ཞིག་མི་འདུག།

དགོས་མེད་རྣམ་རྟོག་སྣ་ཚོགས་ལྡང་བྱེད་ཀྱི་འདུ་འཛི།།
ཞེ་སྡང་ཕྲག་དོག་སློང་བའི་ངག་འཁྱལ་གྱི་ཕུང་པོ།།
སྙིང་བོ་བྲལ་བའི་འཇིག་རྟེན་སོ་ཚིས་ཀྱི་བྲེལ་ཟིང་།།
ཐམས་ཅད་རྒྱང་རིང་གཡུགས་ཚེ་དགའ་བ་ལ་སྐྱིད་པ།།

འདྲ་མིན་སྣང་བའི་ལྟད་མོ་བསླུ་བྲིད་ཀྱི་གར་མས།།
ཅོལ་ཆུང་རིག་པ་འདི་ཉིད་ཡང་ཡང་དུ་བསླུས་ཀྱང་།།
བྱ་བ་དགུ་ཕྲུགས་བཏང་ནས་གུ་ཡངས་སུ་གནས་ཚེ།།
རྣམ་རྟོག་གང་ཤར་རྩོལ་མེད་རང་གྲོལ་དུ་ཞི་འགྲོ།

རྒྱལ་བའི་བསྟན་ལ་ཞབས་ཕྱི་ཞུ་མདོག་གི་བླ་གཟུགས།།
གདུལ་བྱ་སྐྱོང་བའི་བསྟན་འཛིན་སྐྱེས་བུ་ཡི་འབག་ཆས།།
དགའ་སྡུག་བྱིས་པ་འདྲ་བའི་སློབ་ཚོགས་རྣམས་བཞག་ནས།།
གཅིག་པུར་རི་ལ་གནས་ན་དོན་ཆེན་ཞིག་འགྲུབ་འདྲ།།

གཡོ་སྒྱུ་ང་རྒྱལ་གནག་སེམས་ཀུན་སློང་དང་བྲལ་ཞིང་།།
གཞན་ལ་འཚེ་བ་མེད་པར་བག་ཡངས་སུ་རྒྱུ་བའི།།
ཞི་དུལ་རི་དྭགས་ཁྱུ་ཡིས་རྩ་ཆུ་ལ་རོལ་བ།།
འདི་ཚོ་མཐོང་ན་མི་ཡི་འཇིག་རྟེན་ལ་སུན་འོང་།།

མཐོང་བའི་མོད་ལ་ལུས་ཀྱི་སྐོམ་གདུང་ཀུན་འཇོམས་པའི།།
དྭངས་གཙང་ཆུ་བོ་བཞུར་བའི་སྒྲ་སྐད་ཀྱི་རོལ་མོ།།
ག་ལེར་བདག་གི་རྣ་བའི་དགའ་སྟོན་དུ་ཐོས་ཚེ།།
ཡིད་ལ་སྔར་མེད་ལྷོད་འཇམ་ཚོར་བ་ཞིག་སྐྱེས་ཐལ།།

མཐོ་རིས་ལྷ་མོ་གཞོན་ནུའི་གར་སྟབས་ཤིག་བསྒྱུར་འདྲའི།།
རྒྱང་རིང་འགྲུལ་བའི་བརྗིད་ཆགས་སྤྲིན་དཀར་གྱི་ཕུང་པོ།།
མཐོན་མཐིང་ནམ་མཁའི་དབྱིངས་སུ་ཕྱོགས་མེད་དུ་ཕེབས་པ།།
མཐོང་བ་ཙམ་གྱིས་རྣམ་རྟོག་དར་ཅིག་རེར་འགགས་སོང་།།

དགེ་མཚན་བྱེ་བའི་ཕོ་ཉ་བསིལ་རླུང་གི་དར་འཇམ།།
སེམས་ཁྲལ་ཁུར་བོས་མནན་པའི་ངོ་གདོང་ལ་ཕོག་ཚེ།།
དོན་མེད་རྟོག་ཚོགས་ཆུ་ཡི་ལྦུ་བ་ཀུན་ཞི་ནས།།
བདེ་སྐྱིད་འཛུམ་པའི་རི་མོ་དབང་མེད་དུ་བཞད་དོ།།

བྱ་སྤྱོད་བྲེལ་བ་དབེན་པའི་རི་སུལ་གྱི་ཁྲོད་ན།།
ཆོས་བརྒྱད་རེ་དོགས་མ་སྤངས་རང་ས་རུ་ཞི་བས།།
ནོར་གྱིས་ཉོ་མི་བཏུབ་པའི་བཅོས་མིན་གྱི་བདེ་བ།།
ཉིན་མཚན་ཀུན་ཏུ་རོལ་བའི་དགའ་སྟོན་དེ་རྨད་ཨང་།།

ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་དབང་གི་ཕོ་བྲང་།།
མ་བཞེངས་ལྷུན་གྱིས་གྲུབ་འདྲའི་རི་མཐོ་ཡི་རྩེ་ན།།
གཞན་གྱིས་འཕྱ་ལད་བྱེད་པའི་དོགས་པ་ཞིག་མེད་པས།།
གང་ཤར་ཉམས་མགུར་གྱེར་ཚེ་སེམས་པ་དེ་སྐྱིད་དོ།།

མཁའ་ཡི་ཉི་མ་དྲོན་མོ་ནུབ་ཕྱོགས་སུ་བཞུད་ཚེ།།
མཛེས་སྡུག་ལི་ཁྲིས་ཚོན་གྱིས་རི་ཀླུང་ཀུན་བརྒྱན་ནས།།
ཚ་གྲང་འཇམ་པའི་འཁོར་ཡུག་ལྷོད་འཇམ་གྱི་ཀློང་དུ།།
བདེ་ལྡན་ཞིང་དུ་སྐྱེས་པའི་ཉམས་ཚོར་ཞིག་འབྱུང་འགྲོ།

མཚན་མོའི་མཁའ་དབྱིངས་དྲི་མེད་མེ་ལོང་གི་ངོས་ན།།
ལྟ་ན་རབ་སྡུག་དུང་ཟླ་དཀར་པོ་ཡི་ཞལ་རས།།
ཤར་གྱི་རི་བོའི་རྩེ་ནས་དལ་བུ་རུ་བཞད་ཚེ།།
འཇིག་རྟེན་འདི་ཡང་ཇི་འདྲའི་མཛེས་པ་ལ་སྙམ་སོང་།།

སྤྲིན་དཀར་གོས་སུ་མནབས་པའི་རི་བོ་ཡི་ཕྲེང་བ།།
མཐོ་ཞིང་བརྗིད་པའི་ལྷ་ཤིང་དམར་པོ་ཡི་ཚང་ཚིང་།།
ཡིད་འོང་འདབ་ཆགས་རི་དྭགས་སྣ་ཚོགས་ཀྱི་ཞིང་ཁམས།།
ཨེ་མ་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་འདི་རྨད་དོ།།

མ་བཅོས་རང་བྱུང་འབྱུང་བའི་ལང་ཚོ་ཡིས་ཕྱུག་ཅིང་།།
དགེ་མཚན་ཀུན་ཚང་དབེན་པའི་རི་ཁྲོད་འདིར་ཕེབས་ན།།
རང་བབས་བསམ་གཏན་ཆེན་པོའི་བདུད་རྩི་ཞིག་འཐུང་བཞིན།།
སྣང་བ་དཔེ་ཆར་ཤར་བའི་རྟེན་འབྲེལ་དེ་ལོས་ཡོད།།

ཅེས་སྙོམས་ལས་པ་ཨ་གནམ་ཐུབ་བསྟན་དུ་འབོད་པས། རྒྱལ་ཁབ་ཆེན་པོ་ཨ་རིའི་ནུབ་ཕྱོགས་ཀྱི་ཡུལ་ལྗོངས་སྦིག་རྒི་སིར་(Big Sur)ཞེས་འཛམ་གླིང་ལ་སྙན་གྲགས་ཤིན་ཏུ་ཆེ་བ། ཞི་བདེ་རྒྱ་མཚོ་དང་། རི་བོ་མཐོ་ཞིང་བརྗིད་པ། ཤིང་སྡོང་དམར་པོའི་ནགས་ཚལ་སྟུག་པོ། སྲོག་ཆགས་སྣ་ཚོགས་བག་ཡངས་རྒྱུ་བ་སོགས་སྣོད་བཅུད་ཀྱི་དགེ་མཚན་ཕུན་སུམ་ཚོགས་པས་བརྒྱན་པའི་ཡུལ་ལྗོངས་ཀྱི་ཆར་གཏོགས་པའི་རི་གསེབ་དབེན་གནས་ཡིད་དུ་འོང་བར་ཉིན་ཁ་ཤས་གུ་ཡངས་བློ་བདེར་བསྡད་པའི་ཚོར་སྣང་ལ་བརྟེན་ནས་བྲིས་པ་དགེའོ།།