དཀར་ཆག
སྙན་མགུར

གྲོང་ཁྱེར་ཆེན་པོ་སན་ཧྥི་རན་སི་སུ་ཁོའི་ཆེ་བ་བརྗོད་པ་ནམ་མཁའི་ལྷ་མོའི་གླུ་དབྱངས།

རྨད་བྱུང་སྡེ་བཞི་དགེ་བཅུའི་ཡོན་ཏན་གྱི།།
འོད་ཟེར་འབུམ་ལྡན་གསེར་གྱི་པྲོག་ཞུ་ཞིག །
རབ་ཡངས་གོ་ལ་ཆེན་པོའི་གཙུག་རྒྱན་དུ།།
མཛེས་པར་བརྒྱན་འདྲའི་གྲོང་ཁྱེར་ཆེན་པོ་བསྔགས།།

ཞི་བདེ་རྒྱ་མཚོའི་རྦ་རླབས་གཡོ་བའི་སྒྲ།།
ཐོས་འཛིན་བཅུད་དུ་རྒྱུ་བའི་ཞིང་ཁམས་སུ།།
སྲིད་འདིའི་དཔལ་ཡོན་མ་ལུས་འཛོམས་པ་ལ།།
ཕྱོགས་ཀྱི་སྐྱེ་བོ་རྣམས་ནི་བྲེལ་བཞིན་ལྷགས།།

ལྟ་ན་སྡུག་པ་མཐིང་མདོག་འོད་མདངས་ཀྱིས།།
ཨིནྡྲ་ནཱི་ལའི་ལང་ཚོར་ཅོ་འདྲི་ཞིང་།།
རྣམ་མང་རིན་ཆེན་རིགས་ཀྱིས་གཏམས་པ་ཡི།།
མཐའ་ཀླས་ཆུ་གཏེར་རིང་མོའི་དོ་ཤལ་ཐོགས།།

དུག་རླངས་རྫས་གྲིབ་དབེན་པའི་ཁོར་ཡུག་ནི།།
མཐོ་རིས་ཡུལ་ལྗོངས་ས་ལ་རྩེན་པ་བཞིན།།
མཐོང་བའི་མོད་ལ་བློ་སེམས་དྭངས་འགྱུར་ཞིང་།།
སླེབས་མ་ཐག་ཏུ་དགའ་བ་འབུམ་ཕྲག་སྟེར།།

རྒྱང་རིང་གནས་པའི་བགྲང་ཡས་སྐྱེ་བོའི་ཚོགས།།
ཡུན་རིང་སྙིང་ལ་བརྣགས་པའི་རེ་བ་ལས།།
ཉིན་མོར་དངོས་སུ་བགྲོད་པའི་སྐལ་མེད་ཀྱང་།།
མཚན་དུས་རྨི་ལམ་གྲུ་ཡིས་འདི་རུ་རྒྱུ།།

སྔོན་གྱི་དུས་ན་ཡངས་པའི་ས་ཆེན་འདིར།།
ཤིན་ཏུ་མཐོ་ཞིང་རིང་བའི་གྲགས་སྙན་གྱིས།།
སྤྲིན་གྱི་སྒྲ་ཡང་ཟིལ་གྱིས་གནོན་བྱས་པ།།
གསེར་གྱི་ཟམ་ཆེན་འདི་ཀོ་ཡིད་དུ་འོང་།།

སུམ་རྩེན་པ་རྣམས་བདེ་བར་རོལ་བ་ཡི།།
ངོ་མཚར་གཞལ་མེད་ཕོ་བྲང་བཀོད་ལེགས་པ།།
ས་འདིར་འཕོས་པ་དང་མཚུངས་ཁང་བརྩེགས་དག།
སྤྲིན་གྱི་གསེབ་སུ་རྔམས་པར་འགྱིངས་ལ་གཟིགས།།

འཛམ་གླིང་ལོ་རྒྱུས་རིང་མོའི་བང་བ་རུ།།
ཚན་རིག་ལག་རྩལ་དབྱིག་གིས་གང་བྱས་པའི།།
ནུབ་ཕྱོགས་ཡོ་རོབ་ལུགས་ཀྱི་བཀོད་པ་དང་།།
དེང་རབས་ཟུང་དུ་འབྲེལ་བའི་གྲོང་རྣམས་མཛེས།།

བཅུ་ཕྲག་ཤེས་བྱའི་ཆུ་སྐྱེས་ལ་རོལ་བར།།
ཕྱོགས་མཚམས་ཀུན་ནས་ཕེབས་པའི་བློ་གསར་ཚོས།།
རྣམ་དཔྱོད་བརྩོན་པའི་གཤོག་ཟུང་བསྒྱུར་བའི་ཚལ།།
གྲགས་ལྡན་གཙུག་ལག་ཁང་དག་ཚར་དུ་དངར།།

ས་སྟེང་མི་ཡིས་བཀུར་ཅིང་བཏུད་པའི་གནས།།
རིག་པའི་རྩལ་ལ་སུས་ཀྱང་འགྲན་དཀའ་ཞིང་།།
རྐང་གཉིས་འགྲོ་ལ་ལ་མཛད་རྗེས་མཆོག་བསྐྲུན་པ།།
མཁས་པའི་དབང་ཕྱུག་གྲངས་ལས་འདས་པ་ཕེབས།།

ལུགས་གཉིས་ཁྲིམས་ཀྱི་དར་དཀར་འཇམ་པོའི་འོག །
རྒྱུ་འབྲས་རྣམ་གཞག་དྲང་བོར་སྲོང་བའི་སྲིད།།
ཡ་རབས་སྲོལ་བཟང་དམངས་གཙོའི་རྫོགས་ལྡན་ལ།།
མཆོག་དམན་སྐྱེ་བོ་ཐམས་ཅད་མཉམ་དུ་རོལ།།

ཁྲིམས་དང་བྲལ་བའི་བཙན་པོའི་དབང་ཤེད་དང་།།
མུ་གེ་དབུལ་ཕོངས་རྐྱེན་གྱིས་རབ་གཟིར་ཏེ།།
བྱེས་སུ་འཕྱན་པའི་ཉམ་ཐག་མི་རྣམས་ཀྱིས།།
ཚེ་སྲོག་གསར་བའི་དགའ་སྟོན་མྱོང་བ་རྨད།།

རང་བྱུང་འཇིག་རྟེན་དངོས་པོའི་གསང་རྒྱ་དག།
མངོན་དུ་བཀྲལ་བའི་དེང་གི་ཤེས་རབ་ཀྱིས།།
ངོ་མཚར་རྫས་འཕྲུལ་གསར་བ་བསྐྲུན་པ་ལ།།
རིག་པ་འབྱུང་བའི་གྲོང་འདི་ཀུན་ལས་འཕགས།།

དུས་མ་ཡིན་པར་ལྔ་ལམ་ལ་འདྲེན་པའི།།
བཞི་བརྒྱ་རྩ་བཞིའི་ནད་ཀྱི་བདུད་དཔུང་ནི།།
མི་མངོན་དབྱིངས་སུ་བསྐྲད་པའི་ལེགས་བྱས་ཅན།།
གསོ་རིག་ལྟེ་གནས་ཟླ་དང་བྲལ་བ་བཞུགས།།

འོག་མིན་སར་སྤྱོད་སྐུ་གསུམ་རྒྱལ་བའི་ཞིང་།།
རིམ་གཉིས་ཉམས་ལེན་སྔགས་སྡེ་ཀློང་གསལ་གླིང་།།
སྔ་འགྱུར་སྒོམ་གྲྭ་དྷརྨ་ཏཱ་སོགས་པ།།
དམ་པའི་བསྟི་གནས་སྐར་ཚོགས་བཞིན་དུ་བཀྲ།།

སེམས་ཀྱི་བདུད་རྩི་ནང་དོན་རིག་པ་དང་།།
ཞི་ལྷག་ཏིང་ངེ་འཛིན་གྱི་འདོད་ཡོན་ལ།།
ཅི་དགར་སྤྱོད་པའི་རིག་འཛིན་ཕོ་མོ་དག།།
མཐོང་ཚེ་ཨོ་རྒྱན་ཡུལ་དུ་སླེབས་སམ་འཁྲུལ།།

བསམ་ཡས་སེམས་ཅན་ཁམས་དབང་མོས་པ་རྣམས།།
གྲུབ་མཐའི་ཚུལ་དུ་འཆར་བ་ཆོས་ལུགས་དག །
ཕན་ཚུན་འཁྲུག་རྩོད་མེད་པར་གནས་པ་འདིས།།
འགྲོ་བ་མི་ལ་ཞི་བདེའི་ལམ་བཟང་བསྟན།།

ལུས་ཀྱི་རྩལ་རྫོགས་དཔའ་བོའི་ཉམས་འགྱུར་བཅས།།
གཞུང་རྒྱུད་དྲང་ཞིང་ལྷག་བསམ་མ་སྨད་པ།།
སྟག་ཤར་གཞོན་ནུ་དར་མའི་གཟི་བརྗིད་ལ།།
ཕྱོགས་ཀྱི་བུ་མོ་དག་གི་ཡིད་དབང་ཤོར།།

གསེར་གྱི་མདོག་དང་གནག་སྣུམ་དབུ་སྐྲ་ཅན།།
མཛེས་པའི་ཆ་ཤས་མ་ལུས་རྫོགས་དང་ལྷན།།
ཤེས་རབ་ནོར་གྱིས་སྤུད་པའི་མཛེས་མའི་ཁྱུར།།
དཀའ་ཐུབ་སྤྱོད་རྣམས་ལྐོག་ཏུ་སྲེད་པར་གྱུར།།

རང་བྱུང་སྨན་གྱི་བྱིན་རླབས་འབུམ་འབར་བ།།
མུ་མཐའ་མེད་པར་བརྡལ་བའི་ནགས་ཚལ་དུ།།
ཁ་ཏོག་སྣ་ཚོགས་ངོམས་པའི་འདབ་ཆགས་ཀྱིས།།
མཛའ་བརྩེའི་གླུ་དབྱངས་གྱེར་བ་ཐོས་ཚེ་སྤྲོ།།

ཡིད་འོང་སྲོག་ཆགས་རྣམས་ནི་མི་འཇིགས་པར།།
དགའ་སྤྲོའི་རྩེད་འཇོར་བག་ཡངས་རྒྱུ་བའི་གནས།།
ཡན་ལག་བརྒྱད་ལྡན་མཚོ་དང་ཆུ་བོ་ཡིས།།
དབུས་མཐའ་ཀུན་ཏུ་བཞུར་སྒྲ་སྙན་པར་སྒྲོག །

དབུ་ཡི་རྩེ་མོ་ལྷ་ལམ་ལ་རེག་ཅིང་།།
སྐེད་དུ་ཆུ་འཛིན་དཀར་པོའི་ཡོ་ལང་དང་།།
ལྗོན་ཤིང་ཚོགས་ཀྱིས་ཞོལ་འདབ་ལེགས་སྤྲས་པ།།
ས་འཛིན་ཕྲེང་བས་ལྷུན་པོའི་གཟི་དཔལ་འཕྲོག།

སྲིད་དང་ཞི་བའི་དཔལ་འབྱོར་མཆིས་སོ་ཅོག།
གཅིག་ཏུ་སྤུངས་པའི་དགེ་མཚན་ཤར་བ་ལས།།
ཀུན་ཀྱང་བདེ་བར་འཚོ་བའི་ངང་ཚུལ་གྱིས།།
མཐའ་ཡི་མགྲོན་པོ་དག་ནི་དབང་མེད་འགུག།

དཀར་ནག་རྒྱ་དང་ཉི་ཧོང་རྒྱལ་ཁབ་ཆེ།།
ཁ་ཆེའི་ཡུལ་སོགས་ལུགས་སྲོལ་ལས་ཐོན་པའི།།
རོ་བརྒྱའི་བཅུད་ཀྱིས་ཕྱུག་པའི་ཟས་རིགས་ལ།།
ཅི་འདོད་གང་དགར་སྤྱོད་པའི་བསོད་ནམས་སྟུག།

དུས་ཚིགས་གཤིས་དང་འགྱུར་བ་ལ་ལྟོས་པས།།
གླིང་ཆེན་བདུན་གྱི་ཡུལ་གྲུ་རི་ཀླུང་རྣམས།།
ཚ་གཤེར་གྲང་ངར་དྲག་པོས་གཙེས་པའི་ཚེ།།
དཔྱིད་རླུང་འཇམ་པོ་ཉིན་མཚན་ཀུན་ཏུ་རྒྱུ།།

ཉིན་བྱེད་དབང་བོ་ནུབ་ཀྱི་རིར་ཕྱོགས་ཚེ།།
ལྟ་ན་རབ་སྡུག་མཚམས་སྤྲིན་བཀྲ་བའི་འོག།
རེག་བྱ་འཇམ་པའི་མཚོ་འགྲམ་ཁོད་ཡངས་པར།།
བརྩེ་ལྡན་ཕོ་མོས་མཛའ་དུང་ཕྱག་ལག་སྦྲེལ།།

ཆབ་སྲིད་ལམ་སྟོན་དམངས་ཀྱི་དེད་དཔོན་དང་།།
རིག་གནས་གསར་བའི་ཤིང་རྟའི་སྲོལ་འབྱེད་མཁན།།
ཚོང་འབྲེལ་ལས་ལ་རབ་མཁས་འབྱོར་ལྡན་སོགས།།
མི་ཆེན་མང་པོས་ཞབས་སེན་འདི་རུ་བཀོད།།

ཁྱད་ཆོས་ཀུན་ལྡན་གཞས་གར་རྩོམ་རིགས་ཀྱིས།།
རིས་སུ་མ་ཆད་ཤར་ནུབ་སྐྱེ་བོ་ཡི།།
ཡིད་སེམས་དབང་མེད་འཕྲོག་པའི་ཆོ་ག་ཅན།།
ཟླ་བྲལ་སྒྱུ་རྩལ་མཁས་པའི་ཁྱུ་ཞིག་བྱོན།།

ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་སོགས།།
ལུང་རྟོགས་མཛོད་འཛིན་སློབ་དཔོན་མང་པོ་ཡིས།།
ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་སྒོ་ཕྱེས་པས།།
འཛད་མེད་ཕྱྭ་གཡང་གྲོང་འདིར་རྟག་ཏུ་འཁྱིལ།།

ལུས་ཀྱི་གོས་རྒྱན་ངག་གི་བརྗོད་སྟངས་དང་།།
ནང་དུ་སེམས་ཀྱི་འདུ་ཤེས་འཛིན་ཚུལ་བཅས།།
མི་ཡི་འཚོ་བ་རོལ་ལུགས་ཕལ་མོ་ཆེ།།
འདི་ལས་རྒྱལ་ཁམས་ཀུན་ལ་བཀྲམ་པ་རྨད།།

ཇི་ལྟར་རླུང་གིས་བསྐྱོད་པའི་ཆུ་འཛིན་བཞིན།།
ཕྱོགས་བཞིའི་ཡུལ་ཁམས་ཀུན་ཏུ་རྒྱུ་བ་བདག།
རབ་བརྗིད་གསེར་ཟམ་མིག་གིས་མཐོང་ཐེངས་རེར།།
འདི་རུ་འཚོ་བ་སྐལ་བ་བཟང་ངོ་སྙམ།།

འོད་ཀྱི་གྲོང་ཞེས་སྙན་པ་རབ་ལྡིར་བ།།
ལེགས་ཚོགས་ཀུན་འཛོམས་ཕེ་རི་སིར་ཕྱིན་ནས།།
ཞིམ་པའི་ཟས་དང་ལྟད་མོ་ལ་རོལ་ཀྱང་།།
ཡིད་ཀྱི་པདྨོ་འདི་ཡི་ཕྱོགས་སུ་འཁྲིལ།།

འཛམ་གླིང་ས་ཡི་ལྟེ་བ་གསེར་གྱི་སྡེ།།
མི་མཐུན་ཉེར་འཚེའི་གཡུལ་ལས་རྒྱལ་བའི་མཐུས།།
གྲགས་པའི་བ་དན་དགུང་ལ་འཕྱོ་བཞིན་དུ།།
བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྨོན།།

ཞེས་ལྟ་ན་སྡུག་པའི་གྲོང་ཁྱེེར་འདིའི་ཉེ་འདབས་སུ་གནས་ནས་བགྲང་བྱ་བཅུ་ཕྲག་གཉིས་ཙམ་ཟིན་ལ་ཉེ་ཞིང་། སྐྱེ་ས་འདི་མིན་ཀྱང་འཆི་ས་འདི་ཡིན་སྙམ་པའི་བརྩེ་ཚོར་དམ་དུ་བཅངས་པའི་རྒྱལ་ཁམས་པ་ཨ་གནམ་ཐུབ་བསྟན་གྱིས་དུས་ཆེན་ཁིར་སི་མི་སིའི་སྔ་དགོང་ལ་ཤར་མར་སྤེལ། ཕྱི་ལོ༢༠༡༨ཟླ༡༢ཚེས༢༤ཉིན་ལ།