དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

ཨ་གནམ་ཐུབ་བསྟན་གྱིས་བརྩམས།

ཟག་བྲལ་མཁྱེན་བརྩེ་སྤྲིན་གྱི་ཀློང་ལས་བྱིན་རླབས་ཆར་ཆེན་ཉེར་འཇོ་རྩ་བརྒྱུད་བླ་མའི་སྡེ། །
ཆོས་ཉིད་རང་རྩལ་ངོམ་པའི་རྣམ་འགྱུར་ཞི་དང་ཁྲོ་བོའི་གར་གྱི་དབང་ཕྱུག་ཡི་དམ་ཚོགས། །
རང་སྣང་རྣམ་དག་མཁའ་སྤྱོད་གྲོང་དུ་ལེགས་པར་འཁྲིད་མཁས་དབྱིངས་ཀྱི་བདེ་སྟོང་དཔའ་མོའི་དཔུང་། །
རབ་འབྱམས་རྩ་གསུམ་ལྷ་ཡིས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཤིས་པ་འབུམ་ཕྲག་དེང་འདིར་སྩོལ། །

ཐོག་མཐའ་ལས་འདས་ཆོས་དབྱིངས་དག་པའི་མཁར། །
འཕོ་འགྱུར་ཡོངས་ཟད་གདོད་མའི་མགོན་པོ་རུ། །
མ་བརྩལ་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས། །
ཀུན་བཟང་ཡབ་ཡུམ་གཙུག་གི་རྒྱན་དུ་བསྙེན། །

ཡུལ་དང་ཡུལ་ཅན་སྤྲོས་པ་ཀུན་ཟད་བཞིན། །
དོན་དམ་གནས་ལུགས་མཇལ་བའི་ཤེས་རབ་ཀྱིས། །
མ་ལུས་རྒྱལ་བ་ཐམས་ཅད་སྐྱེད་པ་པོ། །
ཡུམ་ཆེན་ཕ་རོལ་ཕྱིན་མས་བདག་བྱིན་རློབས། །

སྐྱེ་རྒུའི་ཡིད་ལ་ཉལ་བའི་བདུད་དཔུང་གི །
སྙིང་རྩ་དྲུང་ནས་འབྱིན་པའི་རཀྟ་ཡིས། །
རབ་ཏུ་མྱོས་པའི་རྡོ་རྗེ་ཁྲོས་མའི་ཞབས། །
བདེ་ཆེན་འཁོར་ལོར་འཕོ་བ་མེད་པར་བཞུགས། །

བདེ་ལྡན་མགོན་པོའི་ཐུགས་རྗེའི་འོད་ཟེར་ལས། །
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་དཔལ། །
མཚན་དཔེའི་རྣམ་པར་བཞད་པས་འཇིག་རྟེན་ཀུན། །
དགེ་བར་སྒྱུར་ལ་པད་མ་ཀཱ་ར་བསྔགས། །

རྒྱལ་དབང་པད་མའི་ཐུགས་ཀྱི་དགའ་ཚལ་ཆེར། །
བདེ་སྟོང་པད་མོ་བསྟར་བའི་སྒྱུ་ཐབས་ཀྱིས། །
དབྱིངས་ཀྱི་བདག་མོར་བཞེངས་པའི་མཁར་ཆེན་བཟའ། །
ཡེ་ཤེས་མཚོ་རྒྱལ་ཞབས་ལ་གུས་ཕྱག་འཚལ། །

ཐོས་པ་ཙམ་གྱིས་བདུད་ཀུན་སྔངས་བྱེད་ཅིང་། །
སྲིད་པའི་རྩ་བ་དྲུང་ནས་འབྱིན་པ་ཡི། །
ཤིན་ཏུ་ཟབ་པ་གཅོད་ཡུལ་ཤིང་རྟའི་སྲོལ། །
ཞིང་འདིར་འབྱེད་མཛད་ལབ་ཀྱི་སྒྲོན་མར་འདུད། །

དོན་གྱི་དཔའ་མོ་ལ་འདུལ་ཆོས་སྒྲོན་དང་། །
རྣལ་འབྱོར་དབང་ཕྱུག་བྱ་བཏང་ཀུན་དགའ་འབུམ། །
རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་སོགས། །
བཀའ་གཏེར་བླ་མ་རྒྱ་མཚོ་རྒྱལ་གྱུར་ཅིག །

སྔ་འགྱུར་བསྟན་པའི་གསལ་བྱེད་ཀཿདམ་པ། །
གཏེར་བརྒྱའི་གཙུག་རྒྱན་བདེ་གཤེགས་གླིང་པ་དང་། །
གྲུབ་པའི་དབང་ཕྱུག་བློ་བཟང་ནོར་བུ་མཆོག །
ངོ་མཚར་སྐུ་ཡི་ཕྲེང་བ་རྣམས་ལ་གུས། །

དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་གཟུགས། །
འཛད་མེད་མཁྱེན་བརྩེ་ནུས་པའི་གཏེར་ཆེན་པོ། །
དང་པོའི་སངས་རྒྱས་མི་ཡི་རྣམ་པ་ཅན། །
འཇིགས་མེད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །

གདོས་བཅས་ལུས་ཀྱི་སྒྱུ་མའི་གར་རོལ་བཞིན། །
ཟབ་གསང་རྒྱལ་བའི་དགོངས་པར་ཉེར་སྤྱོད་མཁན། །
སེམས་ཀྱི་གསང་བ་ཐད་ཀར་སྟོན་མཁས་པའི། །
དྲིན་ལྡན་བླ་མའི་བཀའ་དྲིན་ཅིས་མི་དྲན། །

མཁའ་ཡི་གཟའ་སྐར་ཇི་བཞིན་གྲངས་མེད་པའི། །
སྣ་ཚོགས་འགྲོ་བའི་ཁམས་དབང་དང་མཐུན་པར། །
རྒྱལ་བའི་ཐུགས་རྗེ་འགོག་པ་མེད་པ་ལས། །
རྣམ་མང་འདུལ་བྱེད་ཆོས་ཀྱི་སྒོ་མོ་ཤར། །

ཟབ་མོ་ཤེར་ཕྱིན་མདོ་ཡི་དགོངས་པ་དང་། །
ཤིན་ཏུ་རྨད་བྱུང་རྡོ་རྗེ་ཐེག་པའི་ཐབས། །
ཟུང་འཇུག་གཅོད་ཡུལ་བདུད་དཔུང་འཇོམས་པའི་སྨན། །
ཚེ་གཅིག་ཆོས་སྐུར་གྲོལ་བའི་ཆོས་འདི་མཆོག །

ཨེ་མ་ལབ་ཀྱི་སྒྲོན་མའི་གཞུང་བཟང་པོ། །
གསང་ཆེན་ཨ་ཏི་ཡོ་གས་རྒྱས་བཏབ་པའི། །
སྲིད་པ་གསུམ་ན་རྙེད་པར་དཀའ་བའི་ནོར། །
སྔ་འགྱུར་རིག་པ་འཛིན་པའི་ཐུགས་ལས་བལྟམས། །

གངས་རིའི་ལྗོངས་ཀྱི་གཏེར་རིགས་བྱེ་བའི་དབུས། །
མངོན་པར་མཐོ་བ་ཨ་བྷྱའི་མཚན་ཅན་གྱིས། །
སྙན་བརྒྱུད་མཁའ་འགྲོའི་གདམས་པའི་གན་མཛོད་ནས། །
དྲངས་པའི་འདོད་འབྱུང་ནོར་བུ་འདི་ན་བཞུགས། །

སེམས་ཀྱི་དབུལ་བ་མཐའ་དག་འཇོམས་བྱེད་ཅིང་། །
དུག་གསུམ་ནད་ཀུན་འཇིལ་བའི་བདུད་རྩི་མཆོག །
རིག་འཛིན་བླ་མའི་ཟབ་གཏེར་འབུམ་གྱི་བཅུད། །
མྱུར་ལམ་གཅོད་ཀྱི་དགོངས་པ་དགྲོལ་བར་བྱ། །

སྔོན་ཚེ་ཆོས་ཀྱི་རྒྱལ་པོ་གང་ཉིད་ཀྱིས། །
ལུང་བསྟན་གཟེངས་བསྟོད་ཚིག་གིས་བྱིན་བརླབས་པའི། །
དགེ་ལེགས་དུས་ཀྱི་བྱུང་བ་དྲན་པའི་མོད། །
གདམས་ངག་གསེར་གྱི་ཤིང་རྟ་འདྲེན་ལ་རངས། །

རིག་སྟོང་འཇམ་དཔལ་གཞོན་ནུའི་འཛུམ་པའི་ཟེར། །
བདག་གི་སྙིང་ལ་ཕོག་པའི་བྱིན་རླབས་ཀྱིས། །
མ་དག་རྩ་མདུད་རང་སར་གྲོལ་དང་ལྷན། །
གཞུང་ལུགས་རྩོམ་པའི་ཤེས་རབ་ད་སྩོལ་ཅིག །

རབ་མྱུར་གློག་དམར་འཁྱུག་པའི་མཐུ་རྩལ་གྱིས། །
སྐད་ཅིག་སྟོང་གསུམ་རྒྱུ་བའི་རལ་གཅིག་མ། །
ཀུན་ཏུ་བཟང་མོའི་ཆོ་རོལ་མི་བཟད་གང་། །
ལས་ཀུན་ཐོགས་མེད་འགྲུབ་པའི་གྲོགས་སུ་བྱོན། །