གྲགས་པའི་གཡས་འཁྱིལ་དུང་གི་སྒྲ།།
འཛམ་གླིང་ཤར་ནུབ་ཐམས་ཅད་ཀྱི།།
སྐྱེ་བོ་ཀུན་གྱི་རྣར་རྒྱུ་བའི།།
གྲོང་ཁྱེར་ཆེན་པོའི་མཚོ་འགྲམ་དུ།།
ཁ་ཞེ་མཐུན་པའི་གྲོགས་རྣམས་དང་།།
ཞིམ་པོའི་ཟས་ལ་སྤྱོད་པའི་ཚེ།།
ཐོལ་བྱུང་དགའ་བའི་རྦ་རླབས་ཤིག །
སེམས་ཀྱི་ཁོངས་ནས་མཆེད་པ་ན།།
དགའ་བའི་གླུ་ཞིག་ལེན་འདོད་དང་།།
སྐྱིད་པའི་བྲོ་ཞིག་སྒྱུར་འདོད་བྱུང་།།
རྟེན་འབྲེལ་ལུས་སེམས་ལ་ཤར་བས།།
ནང་གི་རྩ་མདུད་གྲོལ་བའི་ཚེ།།
རྣམ་རྟོག་ལྕགས་སྒྲོག་ཞིག་བཞིན་དུ།།
བདེ་བ་ཆེན་པོའི་རྩལ་འབར་ཏེ།།
རྡོ་རྗེའི་གླུ་གར་ལ་རོལ་བ།།
ཕ་ཅིག་པད་མ་འབྱུང་གནས་སོགས།།
རིག་འཛིན་གོང་མའི་ཕྱག་སྲོལ་ཡིན།།
ད་ེརིང་སྐྱིད་གླུ་མི་ལེན་ན།།
ལེན་པའི་དུས་ཞིག་གང་ན་ཡོད།།
ད་ལྟ་ཞབས་བྲོ་མི་བརྡུང་ན།།
སང་འཁྲབ་གནང་འཁྲབ་སྟོང་བསམ་ཙམ།།
ལྷ་དང་བླ་མའི་བྱིན་རླབས་དང་།།
ལས་སྨོན་དུས་སུ་སྨིན་པའི་མཐུས།།
ཡུན་རིང་སྙིང་ལ་རབ་བརྣགས་པའི།།
དོན་ཆེན་རྩོལ་མེད་གྲུབ་སོང་བས།།
བཀྲ་ཤིས་དགེ་བའི་དུས་བཟང་འདིར།།
དགའ་སྟོན་ཚོགས་ཀྱི་འཁོར་ལོ་འབུལ།།
བླ་མ་པད་མ་འབྱུང་གནས་དང་།།
ཨ་མ་ཡེ་ཤེས་མཚོ་རྒྱལ་གྱི།།
བསྟན་པའི་གྲལ་དུ་ཞུགས་པ་འདི།།
སྟེས་དབང་ཕལ་བ་ཙམ་མིན་པར།།
སྔོན་བསགས་དགེ་བའི་འབྲས་བུ་ཡིན།།
དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།།
དགོངས་པའི་གནད་ཀུན་འདུས་པའི་ཆོས།།
ཀུན་ཏུ་བཟང་པོའི་དགོངས་པ་མཆོག །
རིག་འཛིན་གོང་མ་ལས་བརྒྱུད་པའི།།
ཐེག་མཆོག་ཨ་ཏི་ཡོ་ག་ཡི།།
གདམས་ངག་ཡིད་བཞིན་ནོར་བུ་ཉིད།།
ཚེ་འདིར་ལོན་པ་ངོ་རེ་མཚར།།
འདི་ཉིད་གཅིག་པོ་ཙམ་ཡོད་ན།།
སྙན་གྲགས་མེད་རུང་སེམས་ཁོང་བདེ།།
སྟོབས་འབྱོར་མེད་རུང་རང་སེམས་སྐྱིད།།
ཐར་བའི་ལམ་སྣ་ཟིན་ཚར་རོ།།
བར་ཆད་བདུད་ལས་གྲོལ་སོང་ངོ་།།
རིག་འཛིན་གྲལ་དུ་ཚུད་ཚར་རོ།།
མཁའ་འགྲོའི་གསང་ཆོས་ལོན་ཚར་རོ།།
བརྒྱུད་པའི་ཕ་ནོར་ཐོབ་སོང་ངོ་།།
རྒྱ་མཚོའི་གླིང་དུ་འབྱོར་ཟིན་ནས།།
རིན་ཆེན་ལག་ལ་ཐོབ་དང་འདྲ།།
རང་སྣང་དག་པའི་དཀྱིལ་འཁོར་དུ།།
གང་ཤར་ལྷ་ཡི་རོལ་བ་ཉིད།།
རྐྱེན་རྣམས་ཆོས་སྐུའི་རྩལ་དུ་ཤར།།
གུ་ཡངས་བློ་བདེའི་ལོངས་སྤྱོད་ལ།།
ཇི་ལྟར་རོལ་ཡང་རྫོགས་པ་མེད།།
རྐྱེན་ངན་བདུད་ཀྱི་ཆོ་རོལ་ཀུན།།
རྨི་ལམ་སྣང་བ་ལས་སད་ལྟར།།
ཆོས་ཉིད་ཀློང་དུ་ཐིམ་ལ་ལྟོས།།
རང་སྣང་དབང་དུ་བསྡུས་ཙ་ན།།
སྐྱིད་སྡུག་ཐ་དད་མ་གྲུབ་པས།།
སྐྱེ་འཆི་རོ་མཉམ་ལྟ་བའི་ངང་།།
ཉིན་མཚན་འདའ་བའི་རྣལ་འབྱོར་བ།།
མི་རྣམས་ནང་ནས་སྐྱིད་ཤོས་ཡིན།།
ནམ་མཁའི་སྤྲིན་ཕུང་འཁྲིགས་པ་འདི།།
མཁའ་འགྲོའི་སྡེ་ཚོགས་འདུ་བ་འདྲ།།
རི་ཚོགས་བརྗིད་ཞིང་མཐོ་བ་འདི།།
བླ་མ་གདན་ལ་བཞུགས་དང་མཚུངས།།
རྒྱ་མཚོ་ཆེན་པོ་འཁྱིལ་བ་འདི།།
བདེ་སྟོང་ཏིང་ངེ་འཛིན་དང་འདྲ།།
མཁའ་ལས་སྦྲང་ཆར་འབེབས་པ་འདི།།
བྱིན་རླབས་དབྱིངས་ནས་འཇོ་བ་འདྲ།།
རྣལ་འབྱོར་ང་ཚོའི་སྣང་ངོ་ལ།།
གནམ་ལ་བཀྲ་ཤིས་རི་མོ་འཁྱིལ།།
ས་ལ་འཛད་མེད་ཕྱྭ་གཡང་བཀྲ།
སྣང་བ་གྲོགས་སུ་འཆར་བས་སྤྲོ།།
འཇིགས་ས་དོགས་ཡུལ་ཅི་མེད།།
ཕྱོགས་ལས་རྒྱལ་བའི་ཀི་སྒྲ་འཐེན།།
རྟེན་འབྲེལ་སྒྲིག་མ་དགོས་པར་འཛོམས།།
ངོ་སྲུང་མི་དགོས་གྲོགས་བཟང་འཛོམས།།
དམ་ཚིག་གཙང་བའི་ཚོམ་བུ་འཛོམས།།
འཛོམས་པ་རྣམ་གསུམ་སྟོན་མོ་ལ།།
ད་ནི་རོལ་བའི་དུས་བཟང་ཤར།།
ཀ་དག་ལྟ་བ་གནས་ཀྱི་མཆོག །
འོད་གསལ་ཏིང་འཛིན་ཟས་ཀྱི་མཆོག །
ཡེངས་མེད་དྲན་པ་གྲོགས་ཀྱི་མཆོག །
ཤུགས་འབྱུང་སྤྱོད་པ་གོས་ཀྱི་མཆོག །
གང་ཤར་རང་གྲོལ་ནོར་གྱི་མཆོག །
ཐམས་ཅད་འཛོམས་པའི་རྣལ་འབྱོར་བ།།
དེ་ཚོར་དབུལ་བའི་སྡུག་བསྔལ་མེད།།
ཕྱུག་པོའི་ནང་ནས་ཕྱུག་ཆེན་རེད།།
ཨ་ལ་ལ་ཧོ་སྐྱིད་པ་ལ།།
རྩ་བརྒྱུད་བླ་མ་ཡི་དམ་ལྷ།།
ཡེ་ཤེས་རང་རྩལ་མཁའ་འགྲོའི་སྡེ།།
དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས།།
དེ་རིང་དགའ་བའི་བྲོ་ལ་བྱོན།།
ཡུལ་ལྷ་གཞི་བདག་བྲོ་ལ་ཕེབས།།
རྡོ་རྗེ་ལྕམ་དྲལ་བྲོ་ལ་ཕེབས།།
དགའ་བའི་གླུ་བྲོ་རོལ་བཞིན་དུ།།
ད་ནས་བཟུང་སྟེ་ཚེ་རབས་ཀུན།།
ལོག་པའི་དབང་དུ་མི་འགྲོ་བར།།
མཚན་ལྡན་བླ་མ་དང་འཕྲད་ཅིང་།།
གསང་ཆེན་ཆོས་ཀྱིས་རྒྱུད་གྲོལ་ནས།།
ས་ལམ་ཡོན་ཏན་ཀུན་ལྡན་བཞིན།།
དོན་གཉིས་གྲུབ་པའི་དཔལ་ཐོབ་ཤོག །
ཅེས་རྦིར་ཟིལ་ Brazil རྒྱལ་ཁབ་ཀྱི་རྒྱ་མཚོ་ཆེན་པོའི་ཉེ་འདབས་སུ་ཆགས་ཤིང། རི་མཐོ་བ་དང་། རྩི་ཤིང་སྲོག་ཆགས་སྣ་ཚོགས་ལྡན་པ་སོགས་ཡིད་འཕྲོག་ཁོར་ཡུག་གིས་ཀུན་ནས་མཛེས་པའི་གྲོང་ཁྱེར་རི་འོ་རྡེ་ཞ་ནི་རོ་ Rio De Janeiro ཞེས་པའི་མཚོ་འགྲམ་ཁོ་པ་ཁ་བྷ་ནར་ Copacabana བཟང་བཏུང་ཚོགས་ཀྱི་འཁོར་ལོར་སྤྱོད་སྐབས། ཁྲག་འཐུང་བདུད་འཇོམས་གླིང་པའི་གདུང་རིགས་མ་འཁྲུལ་བ། རིག་འཛིན་ཀློང་གསལ་སྙིང་བོའི་རྣམ་སྤྲུལ་ཆེན་པོ་གྲུབ་པའི་དབང་ཕྱུག་ལྕགས་ཁུང་གདུང་སྲས་འཇིགས་མེད་དབང་དྲག་རིན་པོ་ཆེས་བཀས་བསྐུལ་བ་ལྟར། རྒྱལ་ཁམས་པ་ཨ་གནམ་ཐུབ་བསྟན་གྱིས་ཡིད་ལ་སྤྲོ་བ་འབར་བཞིན་དུ་གང་བྱུང་སྨྲས་པའོ།།