དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

ཆོས་ཉིད་འདུས་མ་བྱས་པའི་ནམ་མཁའ་རུ།།
རྟོག་ཚོགས་སྤྲིན་གྱི་ཡོལ་བས་མ་སྒྲིབ་པར།།
འོད་གསལ་ཡེ་ཤེས་སྣང་བ་འབུམ་སྤྲོ་བ།།
རྒྱལ་ཡུམ་བཅོམ་ལྡན་འདས་མར་གསོལ་བ་འདེབས།།

ཡུན་རིང་གཏི་མུག་ནད་ཀྱིས་བཟུང་བ་ཡི།།
འཇིག་རྟེན་འདི་ན་དམ་ཆོས་བདུད་རྩི་ཡིས།།
ཐར་བའི་ལང་ཚོ་འགྲོ་བར་སྦྱིན་པ་ལ།།
བདག་གི་བླ་མ་ཉི་མའི་གཉེན་ཁྱོད་རྨད།།

གནས་ལུགས་དོན་དམ་མངོན་དུ་གྱུར་པ་ལས།།
ཀུན་རྫོབ་རྫུན་པའི་སྣང་བ་ཟད་གྱུར་ཅིང་།།
སྐུ་དང་ཡེ་ཤེས་རོལ་བ་ལ་སྤྱོད་པའི།།
སྔོན་བྱོན་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ།།

སྣང་ཞིང་སྲིད་པའི་འཁོར་ལོ་འབྱམས་ཀླས་པར།།
ཕྲིན་ལས་རྣམ་བཞིའི་ཕྱག་རྒྱ་བཏབས་པ་ན།།
དགྲ་བདུད་ཟིལ་གྱིས་གནོན་པའི་དཔའ་རྟགས་ཀྱིས།།
ཕྱོགས་ཀུན་མཛེས་མཛད་མཚོ་སྐྱེས་རྒྱལ་བ་བསྔགས།།

ཤིན་ཏུ་རྟོགས་དཀའ་སྨྲ་བསམ་བརྗོད་བྲལ་ཞིང་།།
བསམ་པས་སྲིད་པ་ཧྲུལ་བོར་བྱེད་པའི་དོན།།
ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་སྒྲ་ཆེ།།
སྲིད་ན་ལྡིར་མཛད་ལབ་ཀྱི་སྒྲོལ་མ་རྒྱལ།།

སེམས་ཀྱི་གནས་ལུགས་གཉུག་མའི་འོད་གསལ་ཉིད།།
རིག་སྟོང་ཡེ་ཤེས་དོན་གྱི་རྫོགས་པ་ཆེ།།
ཇི་བཞིན་གཟིགས་ལ་གདོད་མའི་མགོན་པོ་དང་།།
དབྱེར་མེད་ཀློང་ཆེན་རབ་འབྱམས་ལ་ཕྱག་འཚལ།།

རེ་དོགས་བདུད་ཀྱི་ཞགས་པ་དབྱིངས་སུ་བཅད།།
ཀུན་བཟང་རྒྱལ་བའི་དགོངས་པ་མངོན་དུ་མཛད།།
མདོ་སྔགས་ཤེས་བྱའི་གནས་རྣམས་ས་ལེར་མཁྱེན།།
གྲུབ་པའི་ཁྱུ་མཆོག་འཇིགས་མེད་གླིང་པར་འདུད།།

གཞན་དུ་བཙལ་བས་རྙེད་པར་མ་གྱུར་ཀྱང་།།
ཐོག་མེད་དུས་ནས་རང་དང་འགྲོགས་པ་ཡི།།
སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་འདི།།
ཐད་ཀར་སྟོན་པའི་དྲིན་ཆེན་བླ་མ་དྲན།།

ཐེག་པའི་རྩེ་མོ་ཨ་ཏི་ཡོ་ག་དང་།།
ཟབ་མོ་གཅོད་ཡུལ་འབྲེལ་བའི་དམ་ཆོས་ཉིད།།
མཁའ་འགྲོའི་གད་རྒྱངས་ཉམས་སུ་ལེན་པའི་ཚུལ།།
ཀུ་སཱ་ལི་ཚོར་དགྱེས་པའི་སྐྱེས་སུ་འབུལ།།