ཕཊཿ
སྣང་བ་ལ་དངོས་པོར་འཛིན་པའི་སེམསཿ
བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནསཿ
ཡང་དག་གི་གནས་ལུགས་རྟོགས་བྱའི་ཕྱིརཿ
རེ་དོགས་དང་བྲལ་བར་སེམས་བསྐྱེད་དོཿ
ཅེས་སྣང་སྲིད་བརྟན་གཡོ་འཁོར་འདས་ཀྱིི་སྣང་བ་ཐ་དད་དུ་ཤར་བ་འདི་དག །མ་བརྟགས་པའི་ཚེ་བདེན་པར་འཆར་བ་ལ། བརྟགས་ཤིང་དཔྱད་ཚེ་རང་ངོས་ནས་རྡུལ་ཙམ་ཀྱང་མ་གྲུབ་པར་སྒྱུ་མའི་རང་བཞིན་དུ་ཞིག་འགྲོ་ཡང་། བདེན་པར་འཛིན་པའི་ཨ་འཐས་ལ་ཆེས་ཆེར་གོམས་པའི་བག་ཆགས་ཀྱིི་མཐུ་དྲག་ཅིང་དབང་བཙན་པའི་མངའ་འོག་ཏུ་ཚུད་དེ། ཡུལ་དང་ཡུལ་ཅན་དང་། མཐོ་བ་དང་དམའ་བ། དགེ་དང་མི་དགེ་བ། འཁོར་བ་དང་མྱང་འདས། སྐྱེ་བ་དང་འཆི་བ། བཟང་ངན་ཡག་བཙོག་སོགས་དངོས་སུ་གྲུབ་པར་བཟུང་ནས། ལན་གཅིག་མ་ཡིན་པར། ཡུན་རིང་པོར་སྲིད་པའི་གྲོང་ཁྱེར་དུ་ལྷུང་བའི་བློ་འཁྲུལ་བ་ཅན་འདི། དུག་གི་སྡོང་པོའི་ལོ་མ་འབྲེག་པ་ཙམ་མ་ཡིན་པར། རྩ་བ་གཅོད་པ་བཞིན་དུ་དྲུངས་ནས་དབྱུང་སླད་དུ། དོན་དམ་སྐྱེ་མེད་སྟོང་པ་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པ་དང་། སྟན་ཐོག་འདིར་ཆོས་སྐུ་གདོད་མའི་བཙན་སར་སྙེག་པའི་ཆེད་དུ། ད་ནི་ཆོས་ཟབ་མོ་གཅོད་ཀྱི་བརྟུལ་ཞུགས་ཉམས་སུ་བླངས་ནས། གཉིས་སྣང་གི་རེ་དོགས་ཐམས་ཅད་ཕར་གཡུགས་དེ། སྤྱོད་པས་ཐོག་བརྫི་བའི་སྒོ་ནས་གང་དང་ཅི་ལའང་ཞེན་པ་མེད་པར་བྱའོ་ཞེས་སེམས་བསྐྱེད། དོན་དུ་ཐེག་ཆེན་གྱི་གཞུང་དག་ལས་སེམས་བསྐྱེད་ཀྱི་ཆ་ཤས་སུ་བྱང་ཆུབ་ལ་དམིགས་པ་དང་སེམས་ཅན་ལ་དམིགས་པ་གཉིས་བཤད་པ་ཚང་སྟེ། སེམས་ཀྱི་ཆོས་ཉིད་ཀ་དག་གི་རིག་པ་ཟང་ཐལ་ལེ་བ་འདི་ཉིད་མཐར་ཐུག་གི་སྐྱབས་ཡུལ་དུ་ངོ་མ་ཤེས་པས། མུ་མེད་འཁོར་བའི་གནས་སུ་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བའི་འགྲོ་བ་དག་ལ་དམིགས་ནས། དེ་དག་གི་ཆེད་དུ། འཇིགས་མེད་དཔའ་བོའི་བརྟུལ་ཞུགས་ཀྱི་དགོངས་སྤྱོད་ལ་བསླབས་ཏེ། མཐར་ཐུག་གི་ཐར་པ་བླ་ན་མེད་པ་ཡུམ་ཆེན་ཀུན་ཏུ་བཟང་མོའི་གོ་འཕང་དམིགས་ནས་འཐོབ་པར་དམ་བཅའ་བས་ཡིན། དུས་ཀུན་དུ་འགྲོ་བ་ཡོངས་ལ་རིས་སུ་མ་ཆད་པར་སྙིང་རྗེ་ཆེན་པོ་བསྐྱེད་པའི་སྒོ་ནས་ལམ་ལ་འཇུག་དགོས་ཀྱི། དེ་མེད་ན། མདོ་སྡེ་རྒྱན་ལས། དང་པོ་རྩ་བ་མཐའ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། །ཞེས་དང་། དེ་མ་ཐག་ཏུ། རྩ་བ་སྙིང་རྗེ་མི་འགྱུར་ན། །དཀའ་སྤྱད་བཟོད་པ་ཉིད་མི་འགྱུར། །ཞེས་གསུངས་པས། གཞན་དོན་གྱི་ཁུར་འཁུར་བའི་ལྷག་བསམ་དང་བྲལ་བར་འགྱུར་བས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་མི་གནས་པར་བསྟན། སྙིང་རྗེ་བསྐྱེད་ཚུལ་ཡང་། མཐའ་ཡས་པའི་འགྲོ་བ་རྣམས་ལ་དམིགས་ནས། དེ་དག་སྡུག་བསྔལ་ལས་འབྲལ་འདོད་གཅིག་པུས་མི་འོང་སྟེ། སྤྱི་འབྱམས་གོ་ཡུལ་དུ་ཤོར་ནས་སྙིང་རྗེ་དངོས་མི་སྐྱེ་བ་སྲིད་པས། སྐབས་སྐབས་སུ་སེམས་ཅན་བྱེ་བྲག་པ་ལ་དམིགས་ནས། དེ་ལུས་དང་སེམས་གྱི་སྡུག་བསྔལ་རྣམས་ལས་ཐར་ན་ཅི་མ་རུང་སྙམ་དུ་བསྒོམ་པར་བྱ། འགའ་ཞིག་བྱང་སྡོམ་ཞུས་ནས། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་མ་ཟད། བླ་མ་སྙན་གྲགས་ཅན་མང་པོའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཞུས། ཉི་མ་མ་ཤར་གོང་ནས་འབོལ་གདན་སྟེང་དུ་དཀྱིལ་དཀྲུང་བཅའ། ཁ་ནས་སྐྱབས་སེམས་འདོན། མདོ་སྔགས་ཀྱི་ཆོས་མང་པོ་རྒྱུན་དུ་ཉམས་སུ་ལེན་པར་རློམས་ཀྱང་། རང་མི་དགའ་སའི་མི་ལ་གནོད་སེམས་འཆང་བའམ། མི་ཉམ་ཐག་པར་སྦྱིན་པ་ཅི་ཡང་མི་གཏོང་བ་དང་། ཕྱུག་པོ་ཚོར་དད་པ་ཆེ་བ་དང་། མི་ཆེན་མཐོང་ཚེ་ངོ་མཛུམ་མུལ་ལེ་བྱེད་འོང་པ་འདི་ཡང་ཉམས་ལེན་གྱི་གནད་འདི་འདྲ་བར་ཐུགས་མ་གཏད་པའི་སྐྱོན་ཡིན་སྙམ། སྙིང་རྗེ་ལའང་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ། དམིགས་པ་མེད་པའི་སྙིང་རྗེ་གསུམ་ཡོད་པ་ལས། དང་པོ་ནི་ཐོག་མ་མེད་པར་འཁོར་བར་འཕྱན་པའི་འགྲོ་བ་རིགས་དྲུག་གི་གནས་སུ་སྡུག་བསྔལ་སྣ་ཚོགས་པ་རྒྱུན་མ་ཆད་པར་མྱོང་བ་འདི་དག་སྡུག་བསྔལ་དང་འབྲལ་ན་ཅི་མ་རུང་སྙམ་པའི་བློ་དང་། གཉིས་པ་ནི། འདུས་བྱས་བརྟན་གཡོའི་དངོས་པོ་ཐམས་ཅད་དང་པོར་གྲུབ་མ་ཐག་པ་ནས་བརྟན་པ་ཅུང་ཙམ་མེད་པར། སྐད་ཅིག་གིས་འགྱུར་བའི་རང་བཞིན་ཅན་ཡིན་ཀྱང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྟག་འཛིན་གྱི་བློ་འཁྲུལ་བ་ཅན་རྣམས་སྙིང་རེ་རྗེ་སྙམ་པ་ཡིན། གསུམ་པ་ནི། ཆོས་རྣམས་ཐམས་ཅད་སྟོང་པར་སོང་བས། སེམས་ཅན་རྣམས་ཀྱང་རང་རང་གི་ངོ་བོའི་ཆ་ནས་བདེན་པར་རྡུལ་ཙམ་མ་གྲུབ་ཀྱང་། དེ་ལྟ་བུའི་གནས་ལུགས་མ་རྟོགས་པའི་འགྲོ་བ་བློ་འཁྲུལ་བ་ཅན་རྣམས་ལ་སྙིང་རྗེ་བསྐྱེད་པ་ཡིན། འདིར་ཐེག་མཆོག་འོད་གསལ་སྙིང་པོའི་ལུགས་ལྟར་ན། དམིགས་པ་མེད་པའི་སྙིང་རྗེ་ནི། གདོད་མ་ཆོས་ཀྱི་དབྱིངས་ཐིག་ལེ་ཉག་གཅིག་གི་ཀློང་དུ། བདག་དང་གཞན་མ་གྲུབ། སེམས་ཅན་དང་སངས་རྒྱས་ཐ་དད་དུ་མ་གྲུབ། འཁོར་བ་དང་མྱང་འདས་གཉིས་རྒྱབ་མ་འགལ། གཞི་ལམ་འབྲས་གསུམ་སོ་སོར་མ་གྱེས། རྒྱུ་འབྲས་གཉིས་ཀྱི་རྣམ་གཞག་ཟད་པས། སེམས་ཅན་རྣམས་ཀྱི་ཆོས་ཉིད་ནི་ཆོས་སྐུ་ཀུན་ཏུ་བཟང་པོ་དང་དབྱེར་མ་མཆིས་ཀྱང་། རང་བྱུང་ཆོས་སྐུའི་རོལ་པ་ལས་མ་འདས་པའི་རང་སྣང་འགག་མེད་དུ་འཆར་བ་ལ་དངོས་པོར་བཟུང་ནས་ཐ་དད་དུ་བཀར། རིགས་དྲུག་གི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་ནས། མེད་བཞིན་དུ་འཆར་བའི་འཁོར་བའི་གནས་སུ་འཁྱམས་པའི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་འཁྲུངས་པ་ལ་ངོས་འཛིན། དེ་ལྟར་འགྲེལ་འོས་པ་ནི། དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ཀྱིས། དབུ་མ་ལ་འཇུག་པའི་ཐོག་མར་སྙིང་རྗེ་གསུམ་ལ་བསྟོད་སྐབས་སུ། རླུང་གིས་གཡོ་བའི་ཆུའི་ནང་གི་ཟླ་བ་དཔེར་བཟུང་ནས། མི་རྟག་པ་དང་རང་བཞིན་སྟོང་པའི་བདག་ཉིད་ཅན་གྱི་འགྲོ་བ་རྣམས་ལ་སྙིང་རྗེ་བ་སྟེ། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་དངོས་སུ་བསྟན་པ་ལྟར། རིག་པ་འཛིན་པའི་དབང་བོ་ཉིད་ཀྱི་དགོངས་གཏེར་དུ་རྫོགས་པ་ཆེན་པོའི་ལུགས་ཀྱི་སེམས་བསྐྱེད་ལ། སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིསཿ འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོཿ རང་རིག་འོད་གསལ་དབྱིངས་སུ་ངལ་གསོ་ཕྱིརཿ ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོཿ ཅེས་སྣང་ཡང་མི་བརྟན་ཞིང་། དོན་དུ་མ་གྲུབ་པའི་ཆུའི་ནང་གི་ཟླ་བའི་གཟུགས་བརྙན་འདྲ་བའི་རིགས་དྲུག་སྣོད་བཅུད་བརྟན་གཡོའི་ཆོས་ཐམས་ཅད་མི་རྟག་ཅིང་། རང་རིག་འོད་གསལ་བ་ཐོག་མ་མེད་པ་ནས་རང་ཆས་ཡོད་པ་མངོན་དུ་མ་གྱུར་བས། གཟུང་འཛིན་གཉིས་སྣང་གི་འཁྲུལ་བའི་འཁོར་ལོས་བསླུས་ཏེ། བདེན་པར་མ་གྲུབ་པའི་སྣང་བ་ཆུའི་ཟླའི་རྫུན་རིས་ལྟ་བུ་དག་དངོས་པོར་འཁྲུལ་ནས་འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པ་རྣམས་ལ་སྙིང་རྗེ་བའི་སྒོ་ནས། རང་རིག་འོད་གསལ་ཆོས་སྐུ་གདོད་མའི་མགོན་པོའི་གོ་འཕང་དེ་ཉིད་ལ་འགོད་པར་དམ་བཅས་པས་མཚོན་ནོ། །
གསུམ་པ་མཎྜལ་ནི། གཞི་བདེ་བར་གཤེགས་པའི་སྙིང་པོ་ཀ་དག་རང་བྱུང་གི་རིག་པ་རང་ཆས་སུ་ཡོད་པ་ལ། གློ་བུར་གྱི་དྲི་མས་བསྒྲིབས་ནས་སེམས་ཀྱི་གནས་ལུགས་རེ་ཞིིག་མི་མངོན་པར་གྱུར་དེ། འཁྲུལ་སྣང་ལས་མ་འདས་པའི་སྲིད་པར་འཕྱན་ཅིང་། ལས་དང་ཉོན་མོངས་ཇེ་བསགས་དང་ཇེ་འཐུག་ཏུ་སོང་ཤིང་། ད་ལྟའི་ཟག་བཅས་ཐ་མལ་གྱིི་ལུས་འདི་གྲུབ་ནས། དེ་གཅེས་པར་འཛིན་པའི་བློ་ཞེན་ཆགས་ཅན་ཀྱིས་སྨྱོས་པའི་དུས་འདིར། ཚོགས་མ་བསགས་པར་སྒྲིབ་པ་རང་ཤུགས་ཀྱིས་དག་པར་མི་འགྱུར་ཞིང་། ཟབ་མོ་ཆོས་ཉིད་ཀྱི་དོན་རྟོགས་དཀའ་བ་དང་། མཐར་འབྲས་བུ་རླབས་པོ་ཆེ་སྐུ་གཉིས་ཀྱི་གོ་འཕང་ལ་རེག་མི་ནུས་ཏེ། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། ཞེས་དང་། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་བྱུང་། ཞེས་མཐར་སྐུ་གཉིས་པོ་ཡང་ཚོགས་གཉིས་ཀྱི་འབྲས་བུ་ཤ་སྟག་ཏུ་གྲུབ་པས་ཡིན། བསོད་ནམས་དང་ཡེ་ཤེས་ཚོགས་གཉིས་ཀྱི་ནང་ལས། ཕྱི་མ་རླབས་ཆེ་ཞིང་སྒྲུབ་དཀའ་བ་ཡིན་ཡང་། བསོད་ནམས་བསགས་པའི་མཐུ་ལས་ཡེ་ཤེས་ཀྱི་ཚོགས་གསོག་ནུས་པར་འགྱུར་ན། མི་རྟོག་པའི་ཡེ་ཤེས་རང་རྒྱུད་དུ་སྐྱེ་བ་ལ་དེ་གཉིས་ཀ་གཅིག་ལ་གཅིག་མཁོ་བ་ལྟར་སོང་ཞིང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་འགྱུར་བ་ལ་མཎྜལ་འབུལ་བ་ཐབས་ཤིན་ཏུ་མྱུར་བ་ཡིན་ནོ། །མཎྜལ་དངོས་ནི།
ཕཊཿ
གཅེས་འཛིན་གྱིིི་ཕུང་པོ་སྒྱུ་མའི་ལུསཿ
མཎྜལ་གྱི་ཚོམ་བུར་རབ་བཀོད་ནསཿ
ཚོགས་ཞིང་གི་ལྷ་ལ་ལྟོས་མེད་འབུལཿ
བདག་འཛིན་གྱི་རྩ་བ་ཆོད་པར་ཤོགཿ
ཅེས་འཇིག་རྟེན་ཁམས་ལ་སྣོད་བཅུད་ཀྱི་བྱེ་བྲག་སྣ་ཚོགས་པ་དང་། རི་ར་བ་ཁང་ཁྱིམ་སོགས་དངོས་པོ་ཐམས་ཅད་ཡོད་པའི་ནང་ནས་ཤིན་ཏུ་གཅེས་འོས་པར་སྣང་བ། ངའི་ལུས་པོ་ཞེས་ཆེས་ཆེེར་སྲེད་ཅིང་། འཇིག་རྟེན་གྱི་ཁམས་ལ་དེ་ལས་གཅེས་པ་མེད་པར་འཛིན་པའི་གཞི། གདོས་བཅས་ཤ་ཁྲག་ལས་གྲུབ་པའི་ཕུང་པོ་འདི་ཉིད་མཆོད་པའི་མཆོག་ཏུ་འགྲོ་བས། ཤ་ཐམས་ཅད་མེ་ཏོག་གི་ཚོམ་བུ། ཁོག་པ་རི་རབ་དང་། ཡན་ལག་གླིང་བཞི། ཉིང་ལག་གླིང་ཕྲན། མགོ་བོ་ལྷ་གནས། མིག་གཉིས་ཉི་ཟླ། དོན་སྣོད་ལྷ་དང་མིའི་འདོད་ཡོན་ལོངས་སྤྱོད་ཕུན་ཚོགས་པར་བསྒོམས་ནས། རྒྱལ་བ་རྣམས་དགྱེས་པ་དང་། བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ཅིང་། ཚོགས་རྒྱ་ཆེན་གསོག་པའི་ཕྱིར་དུ་ཚོགས་ཞིང་ལ་འབུལ་བར་བསྒོམ། གཅོད་གཞུང་གཞན་དུ་བེམ་རིག་ཕྲལ་ཏེ་ལུས་འབུལ་བར་བསྟན་ཀྱང་། འདིར་དེ་ལྟར་མི་དགོས་པར། ང་ཟེར་བ་མེད་ཀྱང་ལུས་གཅེས་འཛིན་མཁན་གྱི་སེམས་དེ་འབུལ་བ་པོ་ལྟར་བཟུང་ནས། ཞེན་ཆགས་དང་བྲལ་བའི་སྒོ་ནས་གཅེས་པར་འཛིན་པའི་ལུས་འདི་འབུལ་ལོ་སྙམ་སྟེ་བསྒོམས། དེའི་དགེ་བ་ལ་བརྟེན་ནས། འཁོར་བའི་རྩ་བ་དང་། སྡུག་བསྔལ་ཐམས་ཅད་འབྱུང་བའི་སྒོ་མོ་ཆེ་བདག་འཛིན་གྱི་རྩ་བ་ད་ལྟ་ཉིད་དུ་ཆོད་ནུས་པར་ཤོག་ཅིག་ཅེས་ཡིད་ལ་བྱ། དེ་ལྟར་རྒྱལ་བ་སྲས་དང་བཅས་པ་དང་། རྩ་གསུམ་གྱི་ལྷ་ཚོགས་ལ་མཆོད་པ་ཕུལ་བས། རང་ཉིད་ཀྱིས་ཚོགས་དངོས་སུ་བསགས་པའི་ཕན་ཡོན་འབྱུང་བར་འགྱུར། དངོས་སུ་འབྱོར་བའམ། ཡིད་ཀྱིས་སྤྲུལ་བའི་སྒོ་ནས་འདོད་ཡོན་ལྔ་སོགས་འབུལ་ཚེ་བསོད་ནམས་ཆ་མཐུན་དུ་འགྲོ་ངེས་ཀྱང་། ད་ལྟའི་རང་ལུས་འདི་དམིགས་པ་ཙམ་གྱི་སྒོ་ནས་འབུལ་ཐུབ་ན། བདག་གཅེས་འཛིན་གྱི་བློ་ཆོད་པ་ལ་ཕན་པ་འབྱུང་བས་མཆོད་པ་ཐམས་ཅད་ཀྱི་རྩེ་མོར་འགྲོ། གསང་སྔགས་ཀྱི་གཞུང་གཞན་དག་ཏུ་སྐུ་གསུམ་གྱི་མཎྜལ་འབུལ་སྲོལ་དར་ཆེ་བས། དམ་པའི་གོང་མའི་གསུང་རྒྱུན་ལ། སྣང་ཚུལ་སྤྲུལ་སྐུའི་མཎྜལ། གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ་ཞེས་གྲགས་པའམ། ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། ནང་དོན་དམ་རྡོ་རྗེ་ལུས་ཀྱི་མཎྜལ། གསང་བ་ཟུང་འཇུག་སེམས་ཀྱི་མཎྜལ་བཅས་གསུམ་ཡོད་ཀྱང་། འདིར་བདག་འཛིན་ཀྱི་བློ་དང་། རང་ལུས་གཅེས་འཛིན་གྱི་འཁྲི་བ་གཉིས་ཀ་གཅོད་པ་གཙོ་བོར་བཟུང་ནས་རང་ལུས་འབུལ་བ་ཡིན་པས་མཎྜལ་གསུམ་དུ་དབྱེ་མི་དགོས། དམིགས་རིམ་ལྟར་ན་ནང་དོན་དམ་རྡོ་རྗེ་ལུས་ཀྱི་མཎྜལ་དང་མཚུངས། འོན་ཀྱང་དེའི་ཐ་སྙད་འདོགས་མི་འོས་ཏེ། སྐབས་འདིའི་མཎྜལ་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་འབྱེད་མི་དགོས་པས་ཕྱིར་རོ། །བཞི་པ་བླ་མའི་རྣལ་འབྱོར་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་ནང་ནས་དགོངས་རྒྱུད་རྟོགས་པའི་བྱིན་རླབས་སྐད་ཅིག་གིས་འཕོ་བའི་བཙན་ཐབས་ལ། ལས་དང་སྐལ་བ་བཟང་པོ་ལྡན་ཅིང་། དབང་པོ་རབ་ཏུ་གྱུར་བའི་གང་ཟག་དག་གི་ཆོས་སྐལ་དུ་གྱུར་པ་བླ་མའི་རྣལ་འབྱོར་ནི་ཤིན་ཏུ་ཟབ་ཅིང་མྱུར་སྟེ། ཀུན་མཁྱེན་ཆེན་པོས། བསྐྱེད་རིམ་དང་རྫོགས་རིམ་སྒོམ་པ་ལ་སོགས་པ་རྣམས་ནི་རང་རང་གི་ལམ་གྱི་ངོ་བོ་དེས་མི་གྲོལ་ཏེ། དེ་ཡང་སྤྱོད་པ་དང་བོགས་འདོན་སོགས་ལ་བརྟེན་པ་ཡིན། བླ་མའི་རྣལ་འབྱོར་ནི་རང་གི་ལམ་གྱི་ངོ་བོོ་འདི་ཁོ་ན་ནས་གནས་ལུགས་རྟོགས་པ་རྒྱུད་ལ་སྐྱེས་ཏེ་གྲོལ་བ་ཡིན་པས་ན། ལམ་ཐམས་ཅད་ལས་བླ་མའི་རྣལ་འབྱོར་ཟབ་པ་ཡིན། ཞེས་གསུངས། རྒྱུ་མཚན་ཉིད་ཀྱི་ཐེག་པར། རིགས་པ་དང་གཏན་ཚིགས་ཀྱི་སྤྲོས་པས་དོན་དམ་བདེན་པ་གཏན་ལ་ཕབ་པ་དང་། རྒྱུད་སྡེ་འོག་མར་ཐུན་མོང་གི་དངོས་གྲུབ་ལ་བསྟེན་ནས་མཐར་མཆོག་གི་དངོས་གྲུབ་བཙལ་པ་དང་། རྒྱུད་སྡེ་གོང་མར་དབང་གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་ཡིན་ཀྱང་། འོད་གསལ་རྡོ་རྗེ་སྙིང་པོའི་ལུགས་ལ། བླ་མ་སངས་རྒྱས་དངོས་མཐོང་གི་དད་པ་ལ་བརྟེན་ནས། ཐུགས་ཡིད་དབྱེར་མེད་དུ་བསྲེས་ཏེ། རྟོགས་པ་རང་རྒྱུད་ལ་རྩོལ་མེད་དུ་འཆར་བ་ཡིན་ཞེས་སྔོན་གྱི་སྔ་འགྱུར་པའི་རིག་པ་འཛིན་པ་དག་བཞེད། བླ་མའི་བྱིན་རླབས་དང་བྲལ་ཚེ། རང་གིས་རྩོལ་བ་དྲག་པོས་ཐེག་ཆེན་ཐུན་མོང་གི་ལམ་དུ་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གཞོལ་བའམ། གསང་སྔགས་ཀྱི་ལམ་ལ་ཞུགས་པའི་མ་ཚད། རྣལ་འབྱོར་བླ་མེད་ལུགས་ཀྱི་བསྐྱེད་རྫོགས་ཟུང་ལ་འབད་ཁུལ་བྱས་ན། དགེ་བའི་འབྲས་བུ་རླབས་པོ་ཆེ་ཐོབ་པ་སྨོས་ཅི་དགོས་ཀྱང་། ད་དུང་རང་རྒྱུད་ལ་ཆོས་ཉིད་ཐད་ཀར་རྟོགས་པའི་རིག་པ་སྐྱེ་དཀའ་ཞིང་། མཆོག་གི་གོ་འཕང་བླ་ན་མེད་པ་ཐོབ་པར་ཡུན་རིང་བའམ། ལམ་གྱི་གོལ་ས་ཤིན་ཏུ་མང་བས། སངས་རྒྱས་ཀུན་འདུས་ཀྱི་ཁྱབ་བདག་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། བདག་གིས་འབད་ཀྱང་ཐར་བར་དཀའ། །བླ་མའི་ཐུགས་རྗེས་གྲོལ་བ་ནི། །མོས་གུས་ཁོ་ནའི་རྒྱུ་འབྲས་ཕྱིར། །ཐུགས་ཡིད་གཅིག་ཏུ་འདྲེས་གྱུར་ཅིག །ཅེས་གསུངས། བླ་མའི་རྣལ་འབྱོར་ནི་གནས་ལུགས་རྗེན་པར་མཇལ་བའི་ཐབས་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་མྱུར་བར་རྒྱུད་སྡེའི་རྒྱ་མཚོའི་དགོངས་པ་གཅིག་ཏུ་འདུས་སྟེ། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་སྟོང་བསྟིམ་བྱས་པས། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་པ་ལྟ་བུ་དང་། བོད་གངས་ཅན་གྱི་རིས་སུ་མ་ཆད་པའི་གྲུབ་མཐའི་བདག་པོ་རྣམས་ཀྱིས་ཀྱང་དགོངས་པ་གཅིག་དང་དབྱངས་གཅིག་གིས་དེ་ལྟར་བཞེད་དེ། རྗེ་བཞད་པའི་རྡོ་རྗེས། རྗེ་ལ་གསོལ་བ་མི་འདེབས་པའི། །མི་རྟོག་ཡེ་ཤེས་འདོད་པ་དེ། །བྱང་སྟན་ཕུག་པར་ཉི་སྒུག་འདྲ། །སྣང་སེམས་འདྲེས་དུས་དེ་ལ་མེད། །ཅེས་དང་། དཔལ་སྐྱ་བ་ཆེན་པོས། གདམས་པ་རྒྱ་མཚོ་ཁོང་དུ་མ་ཆུད་ཀྱང་། །སྤྱི་བོར་བླ་མ་དད་ཅིང་བསྒོམ་པ་ཡིས། །མིག་ནས་མཆི་མ་འཁྲུགས་ཤིང་གསོལ་འདེབས་པ། །ངན་འགྲོའི་སྐྱེ་སྒོ་ཆོད་པའི་སྒོམ་ཆེན་ཡིན། །ཞེས་དང་། རྒྱལ་བ་རྒོད་ཚང་པས། བླ་མའི་རྣལ་འབྱོར་བསྒོམ་པ་ན། །སྐྱོན་ཟད་ཡོན་ཏན་རྫོགས་པར་འགྱུར། །ཞེས་དང་། །རྣལ་འབྱོར་པ་ཚོགས་དྲུག་རང་གྲོལ་གྱིས། རྗེ་མཚན་ལྡན་རྩ་བའི་བླ་མ་དེ། །དཔེ་ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །རང་སྤྱི་བོར་བླ་མ་བསྒོམ་པ་དེ། །དཔེ་ནོར་བུ་རྒྱལ་མཚན་རྩེར་བཞག་འདྲ། །རྗེ་བླ་མར་གསོལ་བ་འདེབས་པ་དེ། །དཔེ་ནོར་བུར་གསོལ་བ་འདེབས་པ་འདྲ། །མཆོག་ཐུན་མོང་དངོས་གྲུབ་འབྱུང་བ་དེ། །དཔེར་ནོར་བུར་དགོས་འདོད་འབྱུང་བ་འདྲ། །ཞེས་སོགས་གསུངས། འོན་ཀྱང་བླ་མའི་རྣལ་འབྱོར་སྐབས་སུ་འབྲོག་པ་རྒན་པོ་དེ་ཁོ་རང་གི་ཨ་མཆོད་ལ་དགའ་ཞེན་ཆེ་བ་ལྟ་བུ་འཇིག་རྟེན་ཕལ་བ་དག་གིས་བཟུང་བའི་ཆགས་སྡང་འདྲེས་མའི་དད་གདུང་ཙམ་མ་ཡིན་པར། བླ་མ་དེ་སྐུ་གསུམ་འདུས་པའི་ངོ་བོར་མོས་ཤིང་། མཐར་རང་རིག་ཆོས་སྐུ་དོན་གྱི་བླ་མར་འདུན་པ་གཏད་ནས་གསོལ་བ་བཏབ་ན། ད་གཟོད་རྒྱུད་ལ་མཆོག་གི་དངོས་གྲུབ་སྟེ་རྟོགས་པ་ཟབ་མོ་ཞིག་སྐྱེ་འོང་། དེའི་རྒྱུ་མཚན་གང་ལགས་ཤེ་ན། བླ་མ་ལ་ཕལ་པའི་འདུ་ཤེས་བཟུང་བ་ཅི་སྨྲོས། སློབ་དཔོན་དང་བྱང་ཆུབ་སེམས་དཔར་མོས་ཚེ། བླ་མའི་རྣལ་འབྱོར་མཚན་ཉིད་པར་མི་འགྲོ་སྟེ། སོ་ཐར་གྱི་མཁན་པོར་ཕའི་འདུ་ཤེས་དང་། རྒྱུ་མཚན་ཉིད་ཐེག་པར་བླ་མ་ལ་སྨན་པའི་འདུ་ཤེས་བཞག་པ་དང་མཚུངས་པས་མདོ་ལུགས་ལས་མ་འདས་པས་གོ་མི་ཆོད། ངེས་པར་དུ་བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་མོས་ནས། དེ་ཡང་མཐར་རང་རིག་དོན་གྱི་བླ་མ་ཆོས་སྐུའི་རིག་པ་འདི་ཉིད་ལས་ལོགས་སུ་བླ་མ་མེད་པར་ཐག་བཅད་ཅིང་དད་མོས་དྲག་པོས་ཉམས་སུ་བླངས་ཚེ། སྔར་མེད་ཀྱི་ཉམས་རྟོགས་ས་ལས་མེ་ཏོག་གསར་བ་བཞད་པ་བཞིན་སྐྱེ་བ་དང་། སྐྱེས་ཟིན་པ་རྣམས་རི་ལ་མེ་དཔུང་འབར་བ་བཞིན་དུ་གོང་འཕེལ་དུ་འགྲོ་བ་སོགས་ཕན་ཡོན་ཚད་ལས་འདས། དེ་ལྟར་མ་ཤེས་ཚེ། གཞི་བདེ་གཤེགས་སྙིང་པོ་རང་རིག་ཆོས་སྐུ་ཁོ་ན་དོན་གྱི་བླ་མར་རང་གི་རྒྱུད་ལ་རྩོལ་མེད་ལྷུན་གྲུབ་དུ་བཞུགས་པའི་ཕྱོགས་ལ་ཐ་ན་ཡིད་དཔྱོད་ཀྱི་གོ་བ་ཙམ་ཡང་མེད་པར། ཁ་གསག་དང་། ངོ་བསྲུང་དང་། གཞན་དབང་སོགས་ཀྱི་སྒོ་ནས་བླ་མ་རེའི་མདུན་ནས་དབང་ལུང་ཞུས་པའམ། ཡང་ན་གནས་སྐབས་ཙམ་དུ་དད་པ་རྐྱང་བ་མ་བཅོས་པ་རེ་ཡོད་ཀྱང་། དེས་སྒོ་ནས་བླ་མའི་རྣལ་འབྱོར་ཉམས་སུ་བླངས་པས། འདུས་བྱས་ཀྱི་དགེ་བའི་ཚོགས་བསགས་པ་ཙམ་དུ་ཟད་ཀྱི། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐད་ཀར་དུ་ངོ་འཕྲོད་མི་ཐུབ་སྟེ། རང་བྱུང་རྡོ་རྗེ་མཆོག་གིས་ཀྱང་། རང་སེམས་སངས་རྒྱས་མ་མཐོང་བར། །བླ་མ་སངས་རྒྱས་ཟེར་ན་ཡང་། །བཅོས་མ་གཞན་གྱི་ལད་མོ་ཙམ། །དད་པ་དེས་ཀྱང་རྐྱེན་མི་ཐུབ། །ཞེས་གསུངས། དེའི་ཕྱིར་གཅོད་པ་དང་རྫོགས་ཆེན་པ་དག་གིས་རང་རིག་ཆོས་སྐུའི་ལྟ་བས་རྒྱས་མ་བཏབ་ན། བླ་མ་དང་ཡི་དམ་གྱི་རྣམ་པ་སྣ་ཚོགས་སྒོམ་ཚེ་ཕན་ཡོན་རེ་ཡོད་ཀྱང་། རྟོགས་པ་རྣལ་མ་སྐྱེ་དཀའ་བའི་ཚུལ་ཧ་གོ་བར་བྱས་ནས། འདི་ལྟ་བུའི་གནད་ནི་བླ་མའི་རྣལ་འབྱོར་གྱི་སྙིང་པོར་གྱུར་པ་ཐུགས་ལ་འཇགས་འཚལ། འོན་ཀྱང་དེང་སང་གི་ཆོས་པ་མང་པོས་བླ་མའི་རྣལ་འབྱོར་གཞུང་ལས་བཤད་པ་ཇི་བཞིན་ཉམས་སུ་ལེན་མི་ཤེས་པ་མ་ཟད། ངའི་བླ་མ་ནི་ཆེ་གེ་མོ་འདི་དང་འདིའོ་ཞེས་དང་། ཁོང་སྙན་གྲགས་ཆེ་ལུགས་དང་། སྐྱེ་བ་མཐོ་ལུགས་སོགས་འུར་ཟིང་གི་གཏམ་གྱིས་ལུང་བ་གང་། བླ་མ་སུ་ལ་ཉམས་རྟོགས་ཡོད་མེད་མི་དཔྱོད་པར། ཆོ་ལོ་དང་གོ་ས་སུ་མཐོའི་རྗེས་སུ་རི་བོང་ཅན་འདྲོགས་ཀྱི་དཔེ་བཞིན་དུ་འབྲངས་ནས། མི་ཚེ་སྟོང་ཟད་དུ་གཏོང་བཞིན་པ་མཐོང་ཚེ། ཕར་བསླབ་བྱ་ཞིག་མ་བྱས་ན་རང་གི་སྙིང་ན། བྱས་ན་གཞན་ཚིག་པ་ཟ་བའི་རྒྱུར་འགྲོ་བའི་དུས་ཀྱི་ཐ་མ་འདིར། ཕན་པའི་སེམས་ཀྱིས་རང་འདོད་མེད་པའི་གཏམ། །བརྩེ་བས་མི་ལ་མཚང་ནས་བརྗོད་པ་ཡང༌། །དྲང་པོ་ཡིན་ཀྱང་སྙིང་སྐྲན་འཇུག་པའི་རྒྱུ། །སྙན་པར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ཀུན་མཁྱེན་བླ་མའི་སྙིང་གཏམ་འདི་ཉམས་སུ་ལེན་པའི་དུས་སུ་སླེབས་པ་འདྲའོ། །
ཕཊཿ
དབྱིངས་ཟག་མེད་ཆོས་སྐུའི་ནམ་མཁའ་ལཿ
མདངས་འཇའ་ཟེར་ཐིག་ལེར་འཁྲུགས་པའི་དབུསཿ
ཕ་དུས་གསུམ་ཀུན་མཁྱེན་པདྨ་འབྱུངཿ
ཚུལ་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿ
མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅསཿ
སྐུ་མཚན་དཔེའི་གཟི་བྱིན་ཏ་ལ་ལཿ
གསུང་གང་འདུལ་ཆོས་སྒྲ་འུ་རུ་རུཿ
ཐུགས་འོད་གསལ་རྡོ་རྗེ་སྙིང་པོའི་ངངཿ
བུ་མོས་གུས་དྲག་པོས་གསོལ་བ་འདེབསཿ
ཕྱི་རྣམ་རྟོག་དགྲར་ལངས་ལྷ་འདྲེའི་གཟུགསཿ
ནང་རེ་དང་དོགས་པའི་གཉིས་འཛིན་སེམསཿ
བར་སྣང་བ་སྣ་ཚོགས་རྐྱེན་ངན་ཀུནཿ
ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིསཿ
དུས་ད་ལྟ་སྟན་ཐོག་འདི་རུ་ཆོདཿ
དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུཿ
ཕ་རྗེ་བཙུན་བླ་མ་བྱིན་གྱིས་རློབསཿ
ཕཊཿ ཕཊཿ ཕཊཿ