དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

ཅེས་རང་ལུས་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁའ་རུ། གཞི་མེད་རྩ་བྲལ་གྱི་གནས་ལུགས་ཉག་གཅིག་ལས་མ་འདས་བཞིན་དུ་འཁོར་འདས་ཀྱི་རོལ་པ་ཐམས་ཅད་མཆེད་པའི་གཞི་གཅིག་པུ། ཀུན་ཁྱབ་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པའི་ཀློང་སྟེ། ཟག་བཅས་ཀྱི་དྲི་མ་མཆིས་སོ་ཅོག་ཡོངས་སུ་དག་ཅིང་། རྒྱལ་བ་རྒྱ་མཚོའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་འཕྲོ་བའི་འབྱུང་ཁུངས། འདུས་མ་བྱས་པའི་སྟོང་དབྱིངས་གཞིར་གནས་ཀྱི་དཀྱིལ་འཁོར་ཆེན་པོ་ན། རྒྱུ་ཡིས་མ་བསྐྲུན་ཅིང་། རྐྱེན་གྱིས་འཇིག་པ་མེད་པ། རང་བྱུང་ཆོས་སྐུའི་རང་མདངས་འོད་གསལ་བ་བདེ་བ་ཆེན་པོའི་བཀོད་པ་མ་འགགས་པར་ཤར་བ་ལས། བཀྲག་མདངས་ནམ་མཁའི་ཁྱོན་ཀུན་ལ་འབར་བའི་འཇའ་ཟེར་སྣ་ཚོགས་ཐིག་ལེར་འཁྱིལ་བའི་གུར་ཁང་གི་དབུས་སུ། སྟོབས་བཅུ་མངའ་བ་ཡོངས་ཀྱི་སྤྱི་གཟུགས། སྐུ་གསུམ་འདུས་པའི་བདག་ཉིད། འདི་ཕྱི་གཏན་གྱི་སྐྱབས་གནས། འགྲོ་བ་སྒྲོལ་བའི་མགོན་པོ། སྣང་སྲིད་ཟིལ་གནོན་གྱིི་དཔའ་བོ། བདུད་བཞི་འདུལ་བའི་ཁྲག་འཐུང་། དངོས་གྲུབ་ཀུན་འབྱུང་གི་ནོར་བུ། མཁྱེན་བརྩེ་ནུས་པའི་མངའ་བདག །མཐུ་སྟོབས་རྫུ་འཕྲུལ་གྱི་དབང་ཕྱུག །ཉམ་ཐག་འགྲོ་བའི་སྐྱབས་གནས། རྣལ་འབྱོར་ཡོངས་ཀྱི་རྗེ་བོ། བྱིན་རླབས་བྱེ་བའི་བང་མཛོད། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཕ་བླ་མ་ཨོ་རྒྱན་པདྨ་འབྱུང་གནས་དེ། རོ་སྙོམས་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་རོལ་བའི་བརྡར་སྐུ་རུས་རྒྱན་སོགས་དུད་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཞིང་། འཁོར་དུ་མ་མཁའ་འགྲོ་རྒྱ་མཚོ་སྤྲིན་ལྟར་གཏིབས་པ། སྐུ་མཚན་དཔེའི་གཟི་བྱིན་ལྷམ་མེར་འབར་བས་མཐོང་བ་ཙམ་གྱིས་གྲོལ་བ། གསུང་གང་འདུལ་རྡོ་རྗེའི་སྒྲ་དབྱངས་འགག་མེད་དུ་གྱེར་བས་ཐོས་པ་ཙམ་གྱིས་གྲོལ་བ། ཐུགས་ཟབ་ཞི་འོད་གསལ་རྡོ་རྗེའི་སྙིང་པོའི་ཏིང་ངེ་འཛིན་གཡོ་མེད་དུ་བཞུགས་ཡོད་པ་དྲན་པ་ཙམ་གྱིས་གྲོལ་བ་ཞིག་ཏུ་བསྐྱེད། དེ་ནས་ལས་ཉོན་གྱི་བྲན་དུ་གྱུར་ནས། མཐའ་མེད་ཁམས་གསུམ་སྲིད་པའི་བྱེ་ཐང་དུ་ལམ་དོར་ཞིང་། ལས་དང་ཉོན་མོངས་ཀྱི་རླུང་གིས་དེད་བཞིན་དུ། སྡུག་བསྔལ་གྱི་བཀྲེས་སྐོམ་གྱིས་མནར་བའི་བདག་དང་བདག་འདྲའི་འགྲོ་བ་དག་ནི། སྙིང་ཁུང་རུས་པའི་གཏིང་ནས་འཁོར་བ་མུ་མེད་པ་འདི་ལ་ཡིད་ཐང་རབ་ཏུ་ཆད་ཅིང་སྐྱོ་བས། མགོན་པོ་ཁྱེད་ལ་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་ལགས་ན། སྣང་བ་དགྲ་རུ་ལངས་པས་ཕྱི་ན་མེད་བཞིན་དུ་ཤར་བའི་འདྲེ་ཞེས་བློ་དོགས་ས། སྲོག་རྩ་གཅོད་པའི་བདུད། ནད་ཡམས་འདྲེན་པའི་གདོན། བླ་ལ་འཇབ་པའི་ཐེའུ་རང་། དབྱེན་དཀྲུག་བྱེད་པའི་དམ་སྲི། དབང་ཐང་རྐུ་བའི་འབྱུང་པོ། བར་ཆད་རྩོམ་པའི་བགེགས་སོགས་རང་སེམས་ལ་འཇིགས་སྐྲག་དང་མི་བདེ་བ་བསྐྱེད་པའི་ཆོ་འཕྲུལ་སྣ་ཚོགས་དང་། ནང་དུ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་དབང་དུ་གྱུར་པས། གཉིས་འཛིན་གྱི་དུག་ཆུས་རང་སེམས་ཡོངས་སུ་བཟི་བ་ལས་ཤར་བའི་རྣམ་རྟོག་རྣམས་སྟེ། ཡར་སངས་རྒྱས་བཟང་བོར་འཛིན་པ། མར་འཁོར་བ་ངན་པར་འཛིན་པ། ང་དང་ང་ཡིར་འཛིན་པ། གཉེན་ཉེ་བར་འཛིན་པའི་ཆགས་པ། དགྲ་མི་སྡུག་པར་མཐོང་བའི་ཞེ་སྡང་། རང་བས་མཐོ་བ་ལ་དགའ་བའི་སེམས། མཉམ་པ་དང་འགྲན་པའི་ཕྲག་དོག །དམན་པར་སྡང་བའི་བརྙས་འདོད། འཇིག་རྟེན་གྱི་ཁེ་ཕན་ལ་སྲེད་པའི་བློ། འཆི་བ་ལ་འཇིགས་པའི་དོགས་པ་རྣམས་དང་། བར་སྒྱུ་མའི་རང་བཞིན་ལས་མ་འདས་པའི་བཟང་ངན་ཡག་སྡུག་གི་རྐྱེན་སྣ་ཚོགས་པ། རྐུན་ཇག་གི་འཚེ་བ། མ་ཉེས་ཁག་གཡོགས། གཞན་གྱིས་བརྙས་པ། གཉེན་ཉེ་ཤི་བ། མཛའ་གྲོགས་ཤོར་བ། ལང་ཚོ་ཉམས་པ། ནད་ཀྱིས་བཏབས་པ། མགོ་ནས་སྐྲ་ལྷུང་བ། ཁ་ནས་སོ་ཆག་པ། འབྱོར་བ་རྒུད་པ་སོགས་འདོད་པ་ཐོག་ཏུ་མི་འཁེལ་བ། མི་འདོད་པ་ཐོག་ཏུ་བབ་པའི་སྡུག་བསྔལ་གྱི་ཡོ་ལང་མ་ཤི་བར་དུ་རྫོགས་སུ་མེད་པ་རྣམས་ནི། ཆོས་ཟབ་མོ་གཅོད་ཡུལ་གྱིས་ད་ལྟ་སྟན་ཐོག་འདི་ཉིད་དུ་སྐྱེ་བ་མེད་པའི་དབྱིངས་སུ་བཅད་ཅིང་། མི་རིང་བར་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་ཏེ། འཁོར་བ་ལ་ཞེད་མི་དགོས་ལ། མྱང་འདས་ལ་རེ་མི་དགོས། འདི་མི་འོང་སྙམ་པའི་དོགས་པ། དེ་འབྱོར་ན་ཅི་མ་རུང་སྙམ་པའི་འདོད་པ་རྣམས་རྨི་ལམ་ཞིག་པ་བཞིན་དུ་ཆོས་ཉིད་ཀྱི་དབྱིངས་སུ་དེངས། འདི་བདེ་ཕྱི་སྐྱིད་གུ་ཡངས་བློ་བདེའི་དགའ་སྟོན་ལ་རོལ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་མོས་གུས་ཕུར་ཚུགས་དྲག་པོས་གདུང་འབོད་བྱ། འདིར་གུ་རུ་རིན་པོ་ཆེའི་རྣམ་པ་མི་འདྲ་བ་བསྐྱེད་སྲོལ་བྱུང་དང་། འབྱུང་བཞིན་པ་མཐོང་བ་དག་ལ་འགལ་བ་ཆེ་ཡོད་པ་མ་མཐོང་ཡང་། གུ་རུ་མཚན་བརྒྱད་ཀྱི་ནང་ནས། ཉི་མ་འོད་ཟེར་དང་མཚུངས་པར་རྣལ་འབྱོར་པ་ཧེ་རུ་ཀ་པའི་རྣམ་པར་བསྐྱེད་ན་ལེགས། དེ་ནི་ཡུམ་ཀར། རིགས་བདག་པདྨ་ཐོད་ཕྲེང་རྩལཿ ཨ་ཙརྱ་གཞོན་དཀར་གསལ་འཛུམཿ ཧེ་རུ་ཀ་པ་ཅང་དྲིལ་ཁྲོལཿ ཞེས་ཆོས་སྐུ་འོད་མཐའ་ཡས་པའི་ཐུགས་ཀྱི་ཟློས་གར་མཚན་དཔེའི་ལང་ཚོས་སྤུད་པའི་རང་བྱུང་སྤྲུལ་བའི་སྐུར་བཞེངས་པ། རིགས་ཀྱི་བདག་པོ་པདྨ་ཐོད་ཕྲེང་རྩལ་ཧེ་རུ་ཀ་པའི་ཆ་ལུགས་ཅན། ཤེས་བྱའི་གནས་ཀུན་ས་ལེར་གཟིགས་པའི་ཨ་ཙརྱའི་རྣམ་པ་ལ། སྐྱེ་འཆི་བགྲེས་རྒུད་དང་བྲལ་བས་གཞོན་ཞིང་སྐུ་མདོག་དཀར་པོ། ཕྱག་གཡས་པས་ཐབས་བདེ་བ་ཆེན་པོའི་ཅང་ཏེའུ་དང་། ཕྱག་གཡོན་པས་ཤེས་རབ་སྟོང་པ་ཉིད་ཀྱི་དྲིལ་བུ་འཁྲོལ་བས། འགྲོ་བ་ཀུན་གཟུང་འཛིན་འཁྲུལ་བའི་གཉིད་འཐུག་པོ་ལས་སད་ནུས་པ་ཞིག་ཏུ་གསལ། ཡང་དར་ཁྱབ་ཆེ་བའི་ལུགས་སྲོལ་གཞན་ཞིག་ལ། གུ་རུ་ཉིད་ཧེ་རུ་ཀ་པ་རལ་པའི་ཐོར་གཙུག་ལྡན་པ། སྟག་ཤམ་དང་རུས་རྒྱན་སོགས་དུར་ཁྲོད་ཀྱི་རྒྱན་ཆས་བནབས་པ། སྐུ་མདོག་མཐིང་དམར་གྱི་མདངས་ཅན། ཕྱག་གཡས་རུ་ཌཱ་མ་རུ་དང་། གཡོན་པར་མི་རྐང་གི་གླིང་བུ་བསྣམས་པ་ཅན་བསྐྱེད་སྲོལ་ཡོད་པས་གང་མོས་སུ་གསལ་ན་ཆོག །མཐར་ཚོགས་ཞིང་རང་ལ་ཐིམ་སྟེ། རང་དང་བླ་མའི་དཀྱིལ་འཁོར་དབྱེར་མེད་དུ་ཆུ་ལ་ཆུ་བཞག་པ་ལྟར་འདྲེས་ནས། དེ་རྣམས་ཀྱི་ཐུགས་རྒྱུད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་ཉིད་ལ་རང་རྒྱུད་དུ་འཕོས་པར་སྙམ། དེའི་ངང་ལ་རེ་ཞིག་མཉམ་པར་བཞག་པར་བྱ། ཕྱག་སྲོལ་འགའ་རེར། གཉན་སར་འགྲིམ་ཚེ། བླ་མའི་རྣལ་འབྱོར་བྱིན་རླབས་ཤིན་ཏུ་ཆེ་བས་ཉམས་སུ་བླངས་ན། ལྷ་འདྲེའི་ཆོ་འཕྲུལ་སོགས་མི་འབྱུང་བས། སྐབས་སྐབས་སུ་དེ་མི་འདོན་པར་གྲགས་པའང་ཡོད་དོ། །གཉིས་པ་དངོས་གཞི་ལུས་སྦྱིན་ལ་འཇུག་པ་ལ། འགྱེད་ཆེན་བཞིའི་དམིགས་རིམ། མཆོད་སྦྱིན་ལ་བརྟེན་ནས་དོན་དམ་སྒོམ་པ། འབྱུང་ལུས་ཀྱིས་འཁོར་འདས་ཤན་འབྱེད་ཚུལ། ཞར་བྱུང་ལྷོངས་ཚར་གྱི་སྐོར་བཞི་ལས། དང་པོ་འགྱེད་ཆེན་བཞིའི་དམིགས་རིམ་ནི། ཡེ་གཞི་གདོད་མའི་དབྱིངས་སྐྱེ་བ་མེད་པའི་ཀློང་ན་འཁོར་འདས་ལམ་གསུམ་གྱི་མིང་ཙམ་ཡང་གྲུབ་མ་མྱོང་ཡང་། གློ་བུར་གྱི་མ་རིག་པ་ཤར་ནས། རང་སྣང་ངོས་མ་ཟིན་པར་བདག་གཞན་གཉིས་སུ་འཁྲུལ་ཏེ། གཟུང་འཛིན་སྲིད་པའི་ཕྱག་རྒྱའི་དྲྭ་བར་ཚུད་ཅིང་། སྔོན་ནས་ད་ལྟའི་བར་དུ་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བའི་གྲོང་ཁྱེར་ཆེན་པོར་རྒྱ་ཡན་དུ་འཁྱམས། ཁམས་གསུམ་གྱི་གནས་སུ་གྲངས་མེད་པར་འཕོས་ཤིང་། བདེ་སྡུག་གི་སྣང་བ་ཆུ་ཡིི་ལྦུ་བ་ལྟ་བུ་མྱོང་བཞིན་དུ། ཚེ་འདིར་སྒྱུ་མའི་ཤ་ཁྲག་རུས་གསུམ་གྱི་བདག་ཉིད་ཅན་གྱི་བག་ཆགས་རྣམ་སྨིན་སྙིགས་མའི་ལུས་རགས་པ་འབྱུང་བ་ལས་གྲུབ་པ་འདི་ཡང་། ནད་དང་བཀྲེས་སྐོམ་བྱུང་ཚེ་སྡུག་བསྔལ་མྱོང་ཞིང་། འདོད་ཡོན་ལ་རོལ་ཚེ་བདེ་ཚོར་དང་། སྐྱེ་རྒ་ན་འཆིའི་རྨི་ལམ་འབྱུང་བའི་ཡུལ་ལྟ་བུར་ཡོད་པ། འུ་ཅག་གི་དུས་རྟག་ཏུ་འདི་གཅེས་པར་བཟུང་བས། བདག་འཛིན་གྱིི་དཔུང་ཇེ་དྲག་དང་ཇེ་སྟོབས་སུ་སོང་ན། གཅེས་འཛིན་གྱིི་བློ་དེ་འདོར་བའི་ལམ་འདི་ཐར་པ་ཐོབ་པ་ལ་མེད་དུ་མི་རུང་བས། ད་ནི་བཙན་ཐབས་ཀྱི་སྒོ་ནས་ལུས་གཅེས་འཛིན་གྱི་ཞགས་པ་ཐད་ཀར་དུ་གཅོད་པ་ལ།

ཕཊཿ
དེ་ནས་བག་ཆགས་སྙིགས་མའི་ལུསཿ
ཚོ་ཞིང་སྣུམ་ལ་ལྟོས་ཆེ་བའིཿ
དབུས་ལས་དྭངས་མའི་རིག་པ་ནིཿ
ཁྲོས་མའི་རྣམ་པར་ཕཊ་ཅེས་དབྱེཿ
ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅནཿ
དེ་ཡིས་རང་ལུས་ཐོད་པ་ཕྲལཿ
སྟོང་ཁམས་ཁྱབ་པའི་མི་མགོ་ཡིཿ
སྒྱེད་པུ་གསུམ་གྱི་ཁར་བཞག་ནངཿ
འབྱུང་ལུས་ཚོགས་སུ་བཤམས་པ་དེཿ
འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦརཿ
ཨོཾ་ཨཱཿཧཱུཾ་དང་ཧ་ཧོ་ཧྲཱིཿ

ཞེས་པ་སྟེ། ད་ལྟའི་ལུས་འདི་ཚོ་ཞིང་སྣུམ་ལ་རྒྱ་ཆེ་བ་ཟོས་པ་ཙམ་གྱིས་ཡིད་ཚིམ་པར་ཡོད་པའི་སྙིང་དབུས་སུ། རང་གི་རྣམ་ཤེས་ཉིད་ཁྲོས་མ་ནག་མོ་སྐུ་མདོག་མཚན་མོའི་ནམ་མཁའ་ལྟར་མཐིང་བས་ཁྱབ་བརྡལ་ཆོས་ཀྱི་དབྱིངས་མཚོན་པ། རྣ་ལྟག་གཡས་པར་གཙང་སྨེའི་རྣམ་རྟོག་དག་པའི་མཚོན་བྱེད་ཕག་མགོ་ནག་པོ། ཞབས་གཡོན་པ་བསྐྱངས་པས་བདུད་བཞིའི་དམག་དཔུང་ཟིལ་གྱིས་གནོན་པའི་བརྗིད་རྔམས་མཚོན་པ། གཡས་པ་བསྐུམ་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་དུས་རྟག་པ་རྒྱུན་གྱིི་འཁོར་ལོར་རོལ་བའི་ཟག་མེད་བདེ་བ་ཆེན་པོའི་བྲོ་གར་མཚོན་པ། ཕྱག་གཡས་པས་སྲིད་པར་ལྟུང་བྱེད་ཀྱི་བདག་འཛིན་ཚལ་བར་གཏུབ་པའི་གྲི་གུག་འཕྱར་བ། ཕྱག་གཡོན་པར་ཁམས་གསུམ་ཆོས་ཉིད་ཀྱི་དབྱིངས་སུ་བསྒྲལ་བའི་རཀྟ་དམར་པོའི་མཚོ་འཁྱིལ་བའི་ཀ་པཱ་ལ་བསྣམས་པ། མཆན་ཁུང་གཡོན་པར་རོ་སྙོམས་ཀྱི་བརྟུལ་ཞུགས་ལ་འཇིགས་མེད་ཀྱི་ལྟ་བས་གདེང་གི་རྒྱས་བཏབས་པའི་ཁ་ཊྭཾ་ག་བསྣམས་པ། དུས་གསུམ་ཀུན་གཟིགས་སྐུ་གསུམ་གྱི་ཡེ་ཤེས་མཚོན་པའི་སྤྱན་གསུམ་བསྒྲད་པ། རྣམ་རྟོག་གི་དོན་སྙིང་ཟ་བའི་མཆེ་བ་ངོམ་པས་སྲིད་པ་ཀུན་འདར་བར་བྱེད་པ་ཞིག་ཏུ་བསྒོམས་ནས། ཕཊ་ཅེས་བརྗོད་མ་ཐག་ཏུ་ཡར་རྩལ་ཆེན་གྱི་མདའ་འཕང་བ་བཞིན་དུ་སྤྱི་བོ་ཚངས་པའི་བུ་ག་ནས་འཕར་དེ་ལུས་ལས་ཕྱིར་ཐོན་པར་བསྒོམ། ཡང་ན། དང་པོ་ནས་ཁྲོས་མ་བསྐྱེད་མི་དགོས་པར། ཕཊ་ཅེས་བརྗོད་པས། རྣམ་ཤེས་ཐིག་ལེ་དཀར་པོའི་རྣམ་པར་གསལ་བ་དེ་ཉིད་དབུ་མར་བརྒྱུད་ནས། ཡར་སྤྱི་བོའི་གཙུག་གི་ནམ་མཁར་འཕོས་ཏེ། བེམ་རིག་ཕྲལ་མ་ཐག་ཏུ་རང་ཉིད་སྐད་ཅིག་གིས་ཁྲོས་མར་བཞེངས་པས་ཆོག །དེ་ནས་རང་ལུས་སྲོག་དང་བྲལ་བའི་བེམ་པོར་གྱུར་ནས་གློ་བུར་དུ་མར་ས་ལ་འགྱེལ་ནས་གནས་པ་ལ། རང་ཉིད་ཁྲོས་མར་གསལ་བས་ཕྱག་གཡས་པའི་གྲི་གུག་སྨིན་མཚམས་སུ་ཚད་ཙམ་གྱིས་ཐོད་པ་ལུས་ལས་བཀོག་ནས། སྟོང་ཁམས་དང་མཉམ་པའི་ཀ་པཱ་ལར་གྱུར་པ་དེ་མི་མགོའི་སྒྱེད་པུ་གསུམ་གྱི་ཁར་བཞག །ཡང་གྲི་གུག་གིས་བེམ་པོ་བཏེགས་ནས་ཀ་པཱ་ལར་བཞག །རིམ་གྱིས་བེམ་པོ་ཚལ་བ་དུ་མར་གཏུབ། ཀ་པཱ་ལའི་སྟེང་གི་ནམ་མཁར་བདུད་རྩིའི་རང་བཞིན་ཧཾ་ཡིག་དཀར་པོ་དང་། འོག་ཏུ་མེའི་རང་བཞིན་ཨ་ཐུང་དམར་པོ་གསལ་ཞིང་། ཡིག་འབྲུ་གཉིས་པོ་བདེ་སྟོང་ཡེ་ཤེས་ཀྱི་རང་བཞིན་དུ་མོས། ཨ་ཐུང་ལས་མེ་འབར་བས་ཐོད་པའི་ནང་དུ་བེམ་རོ་ཞུ་བ་དང་མཉམ་དུ། ཧཾ་ཡིག་ལས་མར་བདུད་རྩི་ཆར་ལྟར་དུ་བབས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱི་ཞེས་བརྗོད་པས། ཨོཾ་གྱིས་མ་དག་པའི་སྐྱོན་རྣམས་སྦྱངས། ཨཱས་ཟག་མེད་ཀྱི་བདུད་རྩིར་བསྒྱུར། ཧ྄ཱུཾ་གྱིས་མང་དུ་སྤེལ། ཧ་ཡིས་མྱོང་བ་ཙམ་གྱིས་བདེ་བ་སྟེར་ནུས་པ་དང་། ཧོ་ཡིས་བདེ་བ་མྱོང་བས་ཡིད་ཚིམ་པར་ནུས་པ་དང། ཧྲཱི་ཡིས་ཡིད་ཚིམ་པས་ཟག་མེད་ཀྱི་གྲོལ་བ་སྟེར་ནུས་པར་བྱིན་གྱིས་བརླབས་པར་བསྒོམས་ནས་འགྱེད་ལ་འཇུག་པར་བྱ། འདི་ནི་གཙོ་བོར་དཀར་འགྱེད་དང་ཁྲ་འགྱེད་ཀྱི་དམིགས་རིམ་དང་བསྟུན་པ་ཡིིན། སྐབས་འདིར་བེམ་པོ་བདུད་རྩིར་བྱིན་གྱིས་བརླབ་པའི་ཚུལ་ནི། གསང་སྔགས་ཀྱི་གཞུང་རྣམས་སུ་སྭ་བྷ་བ་ནས་ཧཾ་ཡིག་བར་གྱིས་སྟོང་པར་སྦྱངས་ཏེ། རང་ཉིད་ལྷ་བསྐྱེད་མ་ཐག་ཏུ། གཟུང་འཛིན་གཉིས་ཀྱིས་སྟོང་ཞིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་སྐུར་ང་རྒྱལ་བཟུང་ནས་བྱིན་གྱིས་བརླབས་ཚེ། མཆོད་པ་དང་སྦྱིན་པའི་རྫས་ཐམས་སྟོང་པའི་ངང་ལས་བསྒྲུབས་ཟིན་པས། ཆོས་དབྱིངས་ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་དང་ཚུལ་མཐུན་པ་དང་། མཚན་ཉིད་ཐེག་པའི་ལམ་གྱི་མཆོད་སྦྱིན་འབུལ་བ་ལས་ཀྱང་ཚོགས་རྒྱ་ཆེན་པོ་གསོག་པ་ལ་ཤིན་ཏུ་མྱུར་ཏེ། ཕྱི་མར་ཀུན་རྫོབ་ཀྱི་སྣང་བ་མ་དག་པ་ཇི་ལྟར་བློ་འཁྲུལ་བའི་ངོར་ཤར་བ་བཞིན་དུ་བསོད་ནམས་བསྒྲུབ་པས་ཕྱིར་ཐབས་དམན་ཞིང་བུལ་བའོ། །དེ་ནས་མགྲོན་རྣམས་འབོད་པ་ནི།

ཕཊཿ
མཆོད་ཡུལ་རྩ་གསུམ་དམ་ཅན་ནསཿ
སྡེ་བརྒྱད་འབྱུང་པོས་གཙོར་བྱས་པའིཿ
སྦྱིན་ཡུལ་ལན་ཆགས་འདྲེ་གདོན་ཡནཿ
བརྟུལ་ཞུགས་སྤྱོད་པའི་གནས་འདིར་བྱོནཿ
དེ་རིང་འཇིགས་མེད་རྣལ་འབྱོར་ངསཿ
འཁོར་འདས་ཤན་འབྱེད་སྒྱུ་མའི་ལུསཿ
སྟོང་གསུམ་ཁྱོན་ཡངས་ཀ་པཱ་ལརཿ
བམ་ཆེན་ཚོགས་ཀྱི་འཁོར་ལོར་བཤམསཿ
ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུརཿ
འདོད་དགུར་འཆར་བའི་ཆོ་འཕྲུལ་ཅནཿ
གཅེས་འཛིན་མེད་པར་འབུལ་ལགས་ཀྱིཿ
སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལཿ
མཆོག་ཆེན་ཐོད་རྔ་སྐད་རེ་གསངསཿ
ཞིང་ཆེན་གཡང་གཞི་བརྗིད་རེ་ཆེཿ
མི་རྐང་གླིང་བུ་གདངས་རེ་སྙནཿ
དྲིལ་གཡེར་ཅོད་པན་དང་རེ་སྤྲོཿ
བྱ་རྒོད་ཤ་ལ་འཐིབས་པ་བཞིནཿ
སྐད་ཅིག་ཉིད་ལ་གཤེགས་སུ་གསོལཿ

ཞེས་སྤྱན་དྲངས་ནས། ད་ནི་འགྱེད་དངོས་གཏོང་བར། རང་ལ་ཉེ་ཞིང་མཐུན་པའི་གཉེན་ཉེ་གྲོགས་ཟླ་ཁ་ཤས་རང་ཁྱིམ་དུ་བོས་ནས། ཟས་སྟེར་བ་དང་། ནོར་སྦྱིན་པ་ལྟ་བུ་མ་ཡིན་པར། རྒྱལ་པོ་ཆེན་པོ་དང་ཕྱུག་པོ་དབང་ཐང་ཅན་གྱིས་ཚོགས་གསོག་པ་དང་། ཡང་ན་གཞན་མགུ་བར་བྱས་ནས་རང་གི་རེ་བའི་དོན་འགྲུབ་པའི་ཆེད་དུ། ཡུལ་ཁམས་དང་གྲོང་གི་མི་རྒན་གཞོན་ཕོ་མོ་མཐོ་དམན་ཚང་མ་མགྲོན་དུ་བོས་ནས། ཟས་དང་། བརྔན་པ་སྟེར་བ་ལ་འགྱེད་གཏོང་བར་འབོད་པ་བཞིན་དུ། འདིར་ཡང་མགྲོན་དུ་ཡས་གྱི་སྐྱབས་གནས་ལྷ་ཚོགས་དང་། མས་ཀྱི་གྲངས་མེད་པའི་འགྲོ་བ་རྣམས་འབོད་པར་འགྱེད་དུ་གོ་དགོས། ཕྱི་དངོས་པོའི་འདོད་ཡོན་ཐམས་ཅད་ལས་ཀྱང་ལུས་ཀྱི་མཆོད་སྦྱིན་བྱེད་པ་ནི་ཕན་ཡོན་ཤིན་ཏུ་ཆེ་བ་དང་། དེ་ལ་བརྟེན་ནས་སྐད་ཅིག་གིས་ཚོགས་རྒྱ་ཆེན་པོ་བསགས་པར་འགྱུར་བས། རྒྱུ་མཚན་ཉིད་ཐེག་པའི་དབང་དུ་བྱས་ན། བྱང་ཆུབ་སེམས་དཔའ་དག་གིས་ནང་དང་ཕྱིའི་དངོས་པོ་དག་ལ་ཆགས་སེམས་དང་བྲལ་བའི་སྒོ་ནས་གཞན་ལ་གཏོང་ཞིང་། ཐད་ཀར་དུ་སློང་མཁན་ལ། རང་ལུས་ཡན་ལག་དང་བཅས་པ་ཕངས་མེད་དུ་གཏོང་བའི་སྦྱིན་པར་བརྩོན་དགོས་ཏེ། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། ཡོད་དེ་ཡོད་ན་ལག་པ་འདོད་པ་ལ་ལག་པ་སྦྱིན་ནོ། །རྐང་པ་འདོད་པ་ལ་རྐང་པ། མིག་འདོད་པ་ལ་མིག །ཤ་འདོད་པ་ལ་ཤ །ཁྲག་འདོད་པ་ལ་ཁྲག །ཅེས་གསུངས། རྒྱལ་སྲས་སྙིང་སྟོབས་ཆེན་པོས་སྟག་མོར་སྐུ་ལུས་སྦྱིན་པ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་ཆོས་འཚོལ་བའི་སྐབས་སུ། རང་གི་ལུས་ཀྱི་རྩ་ཐམས་ཅད་ཕུག་ནས། ཁྲག་གིས་ཆག་ཆག་བཏབས་པས་ཚོགས་བསགས་པར་གྲགས་ཀྱང་། སྡུག་བསྔལ་མི་བཟོད་པའམ། ཕྱིས་སུ་འགྱོད་པ་སྐྱེ་བ་དང་། གཞན་གྱིས་ཐེག་པ་ཆེན་པོར་བསྐུར་བ་འདེབས་པ་སོགས་ཀྱི་རྒྱུ་མཚན་གྱིས། ས་ཐོབ་ཀྱི་འཕགས་པ་མ་ཡིིན་པ་དག་གིས་དངོས་སུ་མཆོད་སྦྱིན་གྱི་ཆེད་དུ་རང་ལུས་ལ་རྨ་ཅུང་ཟད་གཏོད་པ་ཙམ་གྱི་གནོད་པའང་མི་བྱ། གསང་སྔགས་ལྟར་ན། རང་ལུས་གདན་གསུམ་ཚང་བའི་དཀྱིལ་འཁོར་རྡོ་རྗེའི་གྲོང་ཁྱེར་ཡིན་པ་ལ་ཡིན་པར་ཤེས་པའི་འདུ་ཤེས་བཟུང་ནས། དེ་ལ་བརྙས་བཅོས་དང་སྨོད་པ་མི་བྱ་བར། བཟང་བཏུང་དང་། ལོངས་སྤྱོད་རྣམས་མཆོད་པའི་ཚུལ་དུ་རོལ་དགོས་པ་ཡིན་པས། དངོས་སུ་རང་ལུས་ལ་མཆོད་སྦྱིན་སོགས་ཀྱི་ཆེད་དུ་ཅུང་ཙམ་ཡང་གནོད་པ་བྱེད་མི་རུང་། འདིར་ནི་རང་ལུས་ཀྱི་ཤ་ཁྲག་ཁམ་གང་ཡང་དངོས་སུ་གཏོང་མི་དགོས་པར། དམིགས་པའི་སྒོ་ནས་ལུས་ཀྱི་མཆོད་སྦྱིན་ཟག་མེད་བདུད་རྩི་ནམ་མཁའ་མཛོད་དུ་སྤྲུལ་ནས་འགྱེད་པས། དཀའ་བ་མེད་པར་ཡུན་ཐུང་ཙམ་ལ་ཚོགས་རླབས་པོ་ཆེ་གསོག་ནུས་པ་མ་ཟད། གཙོ་བོ་བདག་གཅེས་པར་འཛིན་པའི་བློ་ཐད་ཀར་དུ་གཅོད་པའི་ཐབས་སུ་འགྲོ་བས། དེའི་ཆ་ནས་གསང་བ་སྔགས་ཀྱི་ཐབས་ཀྱི་ཁོངས་སུ་གཏོགས་སྟེ། ཇི་སྐད་དུ། ལུས་ཀྱི་སྦྱིན་པ་སྦྱིན་བྱས་ནས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་སྔགས་ཀྱི་གཞུང་དུ་བསྟན་པའི་ལུས་སྦྱིན་དང་འདྲ། གཅོད་གཞུང་མང་བོར་འགྱེད་ཆེན་གཉིས་སོགས་དངོས་སུ་བསྟན་ཞིང་། གཞུང་འདིར་འགྱེད་བཞི་ཡོད་པས། འདོན་སྒྲིག་གི་ཐད་ལ་ཕྱག་སྲོལ་མི་འདྲ་བ་བཞུགས་སྲིད་ཀྱང་། བླ་མ་གོང་མ་རྣམས་ལས་བརྒྱུད་པའི་མཐོང་བརྒྱུད་ཚད་ལྡན་རེར་གཏུགས་ནས། དེ་དག་དམིགས་པ་བསྒྱུར་བའི་སྒོ་ནས་འབུལ་ཞིང་བསྔོ་བ་བྱ་ཚུལ་ནི།

ཕཊཿ
གདོད་མའི་མགོན་པོ་མན་ཆད་ནསཿ
རྩ་བའི་བླ་མ་ཡན་ཆད་ཀྱིཿ
བརྒྱུད་གསུམ་རིག་འཛིན་བླ་མ་དངཿ
ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལཿ
བམ་ཆེན་བདུད་རྩིའི་མཆོད་པ་འབུལཿ
ལྷ་འདྲེས་གཙོ་བྱས་བདག་གཞན་གྱིཿ
ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱངཿ
བརྟུལ་ཞུགས་འགྲོ་དོན་མཐར་ཕྱིན་ནསཿ
སྣང་བ་འོད་གསལ་སྒྱུ་མར་འབྱོངསཿ
ཡ་ང་བག་ཚ་ཆོས་སྐུར་གྲོལཿ
ཧེ་རུ་ཀ་ལྟར་བྱིན་གྱིས་རློབསཿ

ཞེས་ཡས་ཀྱི་མགྲོན་པོ་བྱིན་རླབས་ཀྱི་འབྱུང་གནས་རྩ་བ་དང་བརྒྱུད་པའི་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་ལྷ་ཚོགས། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་རྒྱ་མཚོའི་སྤྲིན་ཕུང་དང་། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་ཡེ་ཤེས་དང་ལས་ལས་གྲུབ་པའི་དམ་ཅན་ཆོས་སྐྱོང་གི་དཀྱིལ་འཁོར་ནས་བཟུང་སྟེ། སྣང་ཞིང་སྲིད་པའི་ཁམས་སུ་རྒྱུ་བའི་ཕྱི་ནང་གསང་བའི་སྡེ་བརྒྱད་དང་། བར་ཆད་རྩོམ་པའི་གནོད་བྱེད་ཀྱི་འབྱུང་པོ། སྙིང་རྗེའི་ཡུལ་དུ་གྱུར་བའི་སྦྱིན་ཡུལ་བགེགས་རིགས་ལན་ཆགས་ཀྱི་མགྲོན་པོ། མིང་ནས་སྨྲོས་ན། བྱིས་པའི་གདོན་ཆེན་བཅོ་ལྔ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། འཕྲོག་མའི་མ་བུ་ལྔ་བརྒྱ། གདོན་རིགས་སུམ་བརྒྱ་དྲུག་ཅུ་སོགས་རིགས་དྲུག་གི་འགྲོ་བ་རྣམས་དགོངས་ ཤིག །གསོན་ཞིག །དེ་རིང་ལྟ་བའི་གདེང་ལྡན་འཇིགས་མེད་རྣལ་འབྱོར་པ་ང་ཉིད་ཆོས་མཆོག་འཛིན་པ་རང་གྲོལ་རོ་སྙོམས་ཀྱི་བརྟུལ་ཞུགས་ལ་སྤྱོད་པའི་གནས་འདིར། གདོས་བཅས་སྒྱུ་མའི་ལུས་འདི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་དགའ་སྟོན་དུ་བཤམས་ཤིང་། མཆོག་ཆེན་ཐོད་རྔའི་སྒྲ་དང་། མཛེས་པའི་ཅོད་པན་དང་བཅས་མཐོང་བ་ཙམ་གྱིས་ཡིད་དུ་འོང་ཞིང་ཉམས་སྤྲོ་བའི་སྟོན་མོ་རྨད་དུ་བྱུང་བ་ལ། གོང་མ་རྣམས་ཐུགས་དགྱེས་པ་དང་། འོག་མ་རྣམས་ཡིད་དགའ་བའི་ངང་ནས་མགྲོན་ལ་གཤེགས་སུ་གསོལ་ཞེས་འབོད། རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། རྒྱལ་བ་སྲས་དང་བཅས་པས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་བདུད་རྩི་བཞེས་པས། བདག་རྒྱུད་ཀྱི་སྒྲིབ་གཉིས་དག་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། དགོངས་རྒྱུད་རྟོགས་པའི་བྱིན་རླབས་སྙིང་ལ་ཕོག་པར་བསམ། ཡི་དམ་ལྷ་ཚོགས་ཀྱིས་ལྗགས་རང་རང་གི་ཕྱག་མཚན་རྡོ་རྗེ་དང་། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ་སོགས་ཀྱི་རྣམ་པ་ཅན་གྱིས་བདུད་རྩི་བཞེས་པས། མ་དག་པའི་རྩ་རླུང་ཐིག་ལེ་དག །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་འཕོས། མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པར་དབང་བསྒྱུར་བར་བསམ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ལྗགས་ཉི་ཟེར་གྱི་སྦུ་གུ་ཅན་གྱིས་བཞེས་པས། རང་སྣང་དབང་དུ་བསྡུས། གཞན་སྣང་ཟིལ་གྱིས་མནན། དགྲ་བགེགས་བར་ཆད་དབྱིངས་སུ་ཐིམ། འཇིག་རྟེན་གྱི་དྲེགས་པ་རྣམས་བྲན་དུ་བཀོལ། དམ་ལྡན་གྱི་སྲུང་མ་གྲོགས་སུ་བཀུག་པར་བསམ། འདི་ཡན་ཡར་མགྲོན་ལ་དཀར་འགྱེད་ཡིན། མར་མགྲོན་ལ་དཀར་འགྱེད་གཏོང་བ་ནི། རང་ཉིད་ཁྲོས་མར་གསལ་བའི་ཐུགས་ཀ་ནས། ཉི་མ་ལས་ཉི་ཟེར་གྲངས་མེད་པ་འཕྲོ་བ་བཞིན་དུ། མཁའ་འགྲོ་མ་དཀར་སེར་དམར་ལྗང་མཐིང་ཀ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་འཕྲོས་ནས། དེ་རེ་རེས་ཀ་པཱ་ལ་བདུད་རྩིས་གང་བ་རེ་བསྣམས་ཏེ། འདྲེ་གདོན་ལྷ་མ་ཡིན་སྡེ་བརྒྱད་དང་། སྙིང་རྗེའི་མགྲོན་པོ་འགྲོ་བ་རིགས་དྲུག་བར་དོར་རྒྱུ་བ་རྣམས་ལ་སྦྱིན་ནས། དེ་རྣམས་ཀྱིས་བདུར་རྩིར་རོལ་བས་ལུས་ཀྱི་ན་ཚ་ཞི། སེམས་ཀྱི་སྡུག་བསྔལ་དག །ཡིད་ཚིམས་ཤིང་ཐར་བའི་ས་བོན་རྒྱུད་ལ་བཞག་པར་བསྒོམ། ཁྲ་འགྱེད་འདོད་ན། ཀ་པཱ་ལར་བདུད་རྩི་འཁོལ་བའི་རླངས་པ་ལས། ལྷ་དང་མིའི་འབྱོར་བ་མ་ཚང་བ་མེད་པ། ཚང་ཞིང་ཡིད་དུ་འོང་བ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་ཕུན་སུམ་ཚོགས་པ། གཞན་ཡང་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་རྣམས་བྱུང་། དེ་རྣམས་མཆོད་ཡུལ་རྒྱལ་བ་སྲས་དང་བཅས་པར་ཕུལ་པས་ཚོགས་བསགས། སྒྲིབ་པ་སྦྱངས་པར་སྙམ་པ་ཡར་མགྲོན་ལ་ཁྲ་འགྱེད་ཡིན། ཡང་བདུད་རྩིའི་རླངས་པ་ལས་གནས་ཕོ་བྲང་ཁང་པ་དགའ་ཚལ་དང་། ལྷ་དང་མིའི་གོས་དང་། གསེར་དངུལ་ཟངས་རག་ལས་གྲུབ་པའི་རྒྱན་ཆ། ཨ་རུ་ར་སོགས་སྨན་གྱི་རིགས། བཟའ་བཅའ་བཏུང་བ་ལྡག་གཞིབ་ཀྱིས་གང་བས་རིན་པོའི་ཆེའི་སྡེར་གཞོང་། གཡུང་དྭགས་དང་རི་དྭགས་ཀྱི་ཁྱུ་རྣམས་བྱུང་། དེ་རྣམས་རིས་སུ་མ་ཆད་པའི་མགྲོན་རིགས་དྲུག་གི་འགྲོ་བ་རྣམས་ལ་སྙིང་རྗེའི་སྒོ་ནས་ཕར་བྱིན་པའི་སྟོབས་ཀྱིས། དེ་དག་ལ་རང་རང་སོ་སོས་གང་འདོད་པ་བཞིན་དུ་འདོད་ཡོན་ལོངས་སྤྱོད་མ་ཚང་བ་མེད་པ་ཐོབ་པས། སྐྱེ་བ་ནས་སྐྱེ་བར་བསགས་པའི་སྡིག་སྒྲིབ་དག །ལུས་ཀྱི་ནད་དང་ཡིད་ཀྱི་ཟུག་རྔུ་སེལ། ལན་ཆགས་ཅི་མཆིས་ལྷག་མ་མེད་པར་སྦྱངས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པར་བསམ་པ་མར་མགྲོན་ལ་ཁྲ་འགྱེད་ཡིན། དམར་འགྱེད་ལ་སྤྲོ་ན། ཕཊ་ཅེས་བེམ་རིག་ཕྲལ་ནས་རང་ཉིད་ཁྲོས་མར་གསལ་བས་ཕྱག་གཡས་པས་གྲི་གུག་གིས་བེམ་པོའི་ལྤགས་པ་བཤུས་པའི་སྟེང་དུ། ཤ་ཁྲག་རུས་གསུམ་སྤུངས་ནས་འབྲུ་གསུམ་སོགས་སྔགས་ཀྱིས་མྱོང་གྲོལ་གྱི་རྫས་སུ་བྱིན་གྱིས་བརླབ། མགྲོན་འབོད་དངོས་ནི་རང་གཞུང་དུ།