དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

ཕཊཿ
འཇིག་རྟེན་འདས་དང་མ་འདས་ཀྱིཿ
སྡེ་བརྒྱད་འབྱུང་བོ་མི་མ་ཡིནཿ
ལོག་འདྲེན་ཤ་ཟའི་གདོན་ཚོགས་ལཿ
སྟོང་གསུམ་ཁྱབ་པའི་ཞིང་ལྤགས་སྟེངཿ
ཤ་ཁྲག་རུས་པའི་ཕུང་པོར་འབུལཿ
བདག་ཏུ་འཛིན་ན་ང་རེ་ཞནཿ
སྤྱོད་དུ་མ་ནུས་ཁྱོད་རེ་ལོདཿ
རིང་ན་རྗེན་པར་ཁྱུར་མིད་ཐོངསཿ
ལྷོད་ན་དུམ་བུར་ཚོས་ལ་ཟོཿ
རྡུལ་ཕྲན་ཙམ་ཡང་མ་བཞག་ཅིགཿ

ཅེས་གསུངས་པ་ལྟར། འཇིག་རྟེན་ལས་འདས་པའི་མགྲོན་ལ། ཤར་ནས་རྡོ་རྗེ་རིགས་ཀྱི་ཤ་ཟ་མཁའ་འགྲོ་མ་འབུམ་སྡེ་དང་། ལྷོ་ནས་རིན་ཆེན་རིགས་ཀྱི་ཤ་ཟ་མཁའ་འགྲོ་མ་འབུམ་སྡེ། ནུབ་ནས་པདྨ་རིགས་ཀྱི་ཤ་ཟ་མཁའ་འགྲོ་མ་འབུམ་སྡེ། བྱང་ནས་ཀརྨ་རིགས་ཀྱི་ཤ་ཟ་མཁའ་འགྲོ་མ་འབུམ་སྡེ། དབུས་ནས་སངས་རྒྱས་རིགས་ཀྱི་ཤ་ཟ་མཁའ་འགྲོ་མ་འབུམ་སྡེ་སྤྱན་དྲངས། འཇིག་རྟེན་པ་འབྱུང་པོ་གདོན་བགེགས་སྲིན་པོ་མ་མོ་སོགས་དང་། མི་མ་ཡིན་གྱི་སྡེ་བརྒྱད་ཤ་ལ་རྔམ་པ། ཁྲག་ལ་དགའ་བའི་ཚོགས་ཁ་བ་བུ་ཡུག་འཚུབ་པ་ལྟར་སླེབས་ནས། ཤ་ཟ་ཁྲག་འཐུང་རུས་པ་བལྡད་ནས་ཡིད་ཚིམས་པས། བྱང་ཆུབ་སྒྲུབ་པའི་ལམ་གྱི་གེགས་མཐའ་དག་ཞི། ལུས་གཅེས་འཛིན་གྱི་འཆིང་ཐག་ཆད་ནས་འཁོར་འདས་རུ་ཤན་ཕྱེས། གནས་ལུགས་བདག་མེད་ཀྱི་ལྟ་བ་ཀློང་དུ་གྱུར། རེ་དོགས་ཀྱིི་མདུད་པ་རང་སར་ཞིག །བདུད་བཞིའི་དཔུང་ཚོགས་དབྱིངས་སུ་དེངས། ཚོགས་གཉིས་རྫོགས་ཤིང་། རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་མངོན་དུ་བྱས་པར་སྒོམ། ནག་འགྱེད་ནི། འགྱེད་སྔ་མ་རྣམས་བཞིན་དུ་དང་པོར་རང་སེམས་བེམ་པོ་དང་གྱེས་ནས། རང་རིག་ཡུམ་ཆེན་ཁྲོས་མའི་སྐུར་བཞེངས། རང་ལུས་མར་ས་གཞིའི་སྟེང་དུ་འགྱེལ་བ་ན། སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཤིང་། རང་གཞན་ཀུན་གྱིས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་སྡིག་སྒྲིབ་ཉེང་ལྟུང་དང་། ནད་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཐིམ་པས་བེམ་པོ་སོལ་བ་ལྟར་གྱུར། ལྷ་འདྲེའི་ཚོགས་རྣམས་མགྲོན་དུ་སླེབས་ཤིང་ཟོས་པས་དེ་དག་གི་ལུས་ནག་པོར་གྱུར་ནས། ཡིད་ཚིམས་པས། ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་པ་ཐམས་ཅད་སྦྱངས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་གེགས་སུ་གྱུར་པའི་སྒྲིབ་པ་རྣམས་ཉི་ཟེར་གྱིས་སྨག་རུམ་འཐུག་པོ་སྐད་ཅིག་མ་གཅིག་ལ་བསལ་བ་བཞིན་དུ། རྩོལ་བ་མེད་པར་དག་ཅིང་ཚོགས་རླབས་པོ་ཆེ་རྫོགས། དེ་དག་གི་རྒྱུད་ཀྱི་མི་དགེ་བའི་རྟོག་པ་ཞི་ནས། མཐའ་མེད་པའི་སྙིང་རྗེ་རྒྱུད་ལ་སྐྱེས་ཤིང་། རྐྱེན་གྱིས་མི་འཕྲོག་པའི་ཟག་མེད་ཀྱི་བདེ་བ་སྐྱེས་པར་བསྒོམ་པར་བྱའོ། །མཐར་ལྷག་མ་བསྔོ་བ་ནི།

ཕཊཿ
འཁོར་ཚེ་ཐོག་མ་མེད་པ་ནསཿ
ཤ་འཁོན་ཆགས་པའི་ལན་ཆགས་དངཿ
གློ་བུར་ལྷགས་པའི་སྙིང་རྗེའི་མགྲོནཿ
ཁས་ཞན་དབང་ཆུང་མ་ལུས་ལཿ
སོ་སོ་གང་ལ་ཅི་འདོད་ཀྱིཿ
འདོད་ཡོན་མི་ཟད་གཏེར་དུ་བསྔོཿ
འབྲེལ་བ་ཐོགས་ཚད་སངས་རྒྱས་ཤིངཿ
བུ་ལོན་ལན་ཆགས་བྱང་བར་ཤོགཿ
ཕཊཿ

ཅེས་བྱམས་སྙིང་རྗེ་དྲག་ཏུ་བསྐྱེད་ནས། འགྱེད་ཀྱི་ལྷག་མ་རྣམས་སླར་ཡང་བྱིན་གྱིས་བརླབ། གློ་བུར་དུ་ལྷགས་པའམ། ལྷགས་ཀྱང་ཁས་ཞན་པ། དབང་ཆུང་བ། ཉམ་ཐག་པ། ཞར་བ། འོན་པ། ལྐུགས་པ་རྣམས་ལ་སོ་སོའི་འདོད་པ་དང་མཐུན་པར་སྦྱིན་པས། དེ་དག་གིས་ལྷག་མ་རྡུལ་ཙམ་མ་ལུས་པར་སྤྲོ་བཞིན་དུ་ལོངས་སྤྱད་པས་ཡིད་ཚིམས་ཤིང་། ལུས་དང་སེམས་ཀྱི་ཟུག་རྔུ་ལས་གྲོལ། དབང་པོ་མ་ཚང་བ་རྣམས་ཚང་ཞིང་། མཐུ་མེད་པ་རྣམས་སྟོབས་དང་ལྡན། གྲོགས་མེད་པ་རྣམས་གྲོགས་དང་ལྡན། གཞན་གྱིས་བརྙས་པ་རྣམས་ཀྱི་ལུས་ལ་རྩལ་དང་ཡིད་ལ་དཔའ་གདེང་གིས་ཕྱུག་པར་སྒོམ། འགྱེད་གཏོང་བའི་དུས་ནི། ཐོ་རངས་ལ་དཀར་འགྱེད་དང་། ཉིན་གུང་ལ་ཁྲ་འགྱེད། ནུབ་མོར་དམར་འགྱེད། སྲོད་ལ་ནག་འགྱེད་བྱ་སྟེ། རྩ་བར། དེ་ཡང་དུས་ཚོད་ལ་མཚོན་ནཿ ཐོ་རངས་ཚོགས་གཉིས་རྫོགས་པའི་ཕྱིརཿ དཀར་འགྱེད་བདུད་རྩིའི་ངོ་བོར་སྤརཿ ཉིན་གུང་ལན་ཆགས་སྦྱང་བའི་ཕྱིརཿ ཁྲ་འགྱེད་གང་ལ་འཚམས་པར་བསྔོཿ ནུབ་མོ་བརྟུལ་ཞུགས་ལམ་སློང་ཕྱིརཿ བདག་འཛིན་ཚད་གཅོད་དམར་འགྱེད་གཏོངཿ སྲོད་ལ་སྡིག་སྦྱོང་ནག་འགྱེད་བྱཿ ཞེས་གསུངས་པས་ཤེས་སླའོ། །གཉིས་པ་མཆོད་སྦྱིན་ལ་བརྟེན་ནས་དོན་དམ་སྒོམ་པ་ནི། འགྱེད་བཏང་བའི་རྗེས་སུ། སྦྱིན་ཡུལ་གྱི་མགྲོན་རྣམས་མི་དམིགས་པའི་དབྱིངས་སུ་དེངས་པར་བསྒོམས་ནས་དོན་དམ་སྟོང་པ་ཉིད་ཀྱི་ངང་ལ་བློ་བཞག །གལ་ཏེ་བདག་ཞེས་པའི་ཡུལ་དང་རང་གི་ལུས་ལ་གཅེས་པར་འཛིན་པའི་རྟོག་པ་དང་། ལྷ་འདྲེར་སྔངས་སེམས་སོགས་སྐྱེས་ཚེ། ལུས་ནི་སྔར་གཏུབས་ནས་ལྷ་འདྲེར་སྦྱིན་ཚར་བས། བར་སྣང་སྟོང་བར་ཁང་བུ་བརྩིག་པའི་ཡུལ་མེད་པ་ལྟར་གཅེས་འཛིན་གྱི་གཞི་དེ་ཅང་མེད་དུ་སོང་། ད་ནི་སེམས་གཅིག་པུར་གནས་དགོས་པ་ལ། དེའང་ཐོག་མཐའ་བར་གསུམ་གྱི་མཚན་ཉིད་དང་བྲལ་ཞིང་། ཁ་དོག་དང་དབྱིབས་གཟུགས་སོགས་རང་བཞིན་གྱིས་གྲུབ་པའི་ཁྱད་ཆོས་རྡུལ་ཙམ་མེད་པས་གཞི་མེད་རྩ་བྲལ་དུ་འདུག་གོ་སྙམ་ནས་འཇིགས་པ་མི་སྐྱེ་བར་གནས་དགོས་ཏེ། རྗེ་བཙུན་མི་ལས། ལར་ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་མྱུལ་བ་རྣམས། །ང་སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ ཏེ། །སླར་མི་རྟག་ཅིས་ཀྱང་འདོར་བ་ལ། །འདྲེ་ཁྱོད་ལ་དགོས་ན་སུ་དགའ་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་འབུལ། །སྒོས་དྲིན་ཅན་ཕ་མའི་གླུད་དུ་འབུལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་རངས་ཤིང་ཚིམ་གྱུར་ཅིག །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་ཤ་འཁོན་བྲལ་བར་ མཛོད། །སེམས་འགྱུ་བ་དངོས་མེད་སྟོང་པ་འདི། །འདྲེ་ཁྱོད་པས་ངས་ཀྱང་མཐོང་བ་མེད། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང་། །འཇིགས་སོ་སྙམ་ན་ང་ལ་སྡིག །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ། །འཁྲུལ་བའི་དེ་ཉིད་ཤེས་པའི་ཕྱིར། །འདྲེ་ཁྱོད་ལ་ཉམ་ང་བག་ཚ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་སྣང་བ་ངོ་མཚར་ཆེ། །ཞེས་གསུངས། དེ་ལྟར་དུ་གཞི་མེད་རྩ་བྲལ་གྱི་སེམས་ཉིད་ཟང་ཐལ་བར་བཞག་ན། ཚིག་དང་ཐ་སྙད་ལ་མི་ལྟོས་པར། ལྐུགས་པས་བུ་རམ་གྱི་རོ་མྱོང་བ་བཞིན་དུ་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་རྗེན་པར་མྱོང་བར་འགྱུར་བས། སྒྲ་རྟོག་གི་རྩོལ་བས་ཡིད་དཔྱོད་ཀྱིི་ངལ་བའི་ཁུར་བོ་ཕྲག་ཏུ་ཁུར་མ་དགོས་པར། གདན་ཐོག་གཅིག་ལ་སེམས་ཉིད་རིན་པོ་ཆེ་ཐད་ཀར་དུ་རྟོགས་པའི་ཐབས་ཡ་མཚན་པར་སོང་། སྤྱིར་སེམས་རང་བཞིན་གྱིས་མ་གྲུབ་པར་རྟོགས་སྟངས་ཐད་ལ། ངོ་སྤྲོད་སྟངས་དང་། བཞག་ཐབས་ཡ་མཚན་པ་མང་དུ་མཆིས་པ་ལས། གསང་སྔགས་གསར་མ་པ་རྣམས་ཀྱིས་རྩ་བ་དང་ཡན་ལག་གི་དཔེའི་སྒོ་ནས་སྣང་བ་སེམས་སུ་ངོ་སྤྲོད་པ་དང་། སེམས་སྒྱུ་མར་ངོ་སྤྲོད་པ། སྒྱུ་མ་རྟེན་འབྲེལ་དང་བརྗོད་བྲལ་དུ་ངོ་སྤྲོད་པ། དབང་གསུམ་པའི་དཀྱིལ་འཁོར་འཁོར་ལོའི་གསང་བའི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་རྟོགས་ཚུལ་སོགས་རྒྱ་ཆེ་བ་འཆད། འོད་གསལ་རྫོགས་པ་ཆེན་པོའི་ལུགས་ལྟར་ན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པས། མ་བཅོས་མ་བཅོས་རང་གི་སེམས་མ་བཅོས། །མ་འཛིན་མ་འཛིན་རང་གི་སེམས་མ་འཛིན། །བཅོས་ཤིང་བཅོས་ཤིང་སེམས་ཀྱི་རྙོགས་ལངས་པས། །བཅོས་མའི་སེམས་ཀྱིས་སྙིང་པོའི་དོན་ལ་བསྒྲིབས། །ཞེས་གསུངས་པ་ལྟར། དཔེ་དང་རྒྱུ་མཚན་གྱི་རྒྱབ་རྟེན་ལ་མི་ལྟོས་ཤིང་། ཡེ་ནས་གནས་པ་ཞིག་ལ་སླར་དུ་རྩོལ་བས་བསླད་བསྒྱུར་མི་བྱེད་པར། ད་ལྟའི་རང་སེམས་རང་བབས་སུ་བཞག་པས། སེམས་ཀྱི་ཆོས་ཉིད་སྐྱེ་མེད་ཀ་དག་ཟང་ཐལ་གྱིི་རིག་པ་རྩོལ་བ་མེད་པར་འཆར་བས་དེ་ལས་ལྷག་པའི་དོན་ཞིག་ངོ་སྤྲོད་རྒྱུ་མེད། དེའི་ནང་དུ་མ་འདུས་པ་མེད། དེ་ཇི་བཞིན་དུ་ངོ་ཤེས་ཚེ་སྟོང་པ་ཉིད་འབད་མེད་དུ་རྟོགས་ཚར་བ་ཡིན། སྣང་སྟོང་ཟུང་འཇུག་དང་གསལ་སྟོང་ཟུང་འཇུག་ཟེར་བའི་ཆོས་སྐད་རྫིག་པོ་རྣམས་ཐད་ཀར་དུ་ཧ་གོ་བ་ཡིན། ཆོས་སྐུའི་དགོངས་པ་ཡང་མངོན་གྱུར་བྱས་ཚར་བས། ཟམ་པ་གཅིག་གི་འོག་ཏུ་ཆུ་བོ་བརྒྱ་འདུས་པའི་དཔེ་ལྟར་སོང་། རྫོགས་པ་ཆེན་པོའི་གཞུང་དུ། ནོར་ས་མེད་པའི་ཐིག་ཆེན་བཞི་དང་། མི་འགྱུར་བའི་གཟེར་ཆེན་བཞིའི་སྒོ་ནས། ལྟ་སྒོམ་སྤྱོད་འབྲས་ཀུན་ཀྱང་། ད་ལྟའི་ཤེས་པ་ས་ལེ་བ་འདི་ཀ་ཉིད་ལས་གུད་དུ་མ་མཆིས་པར་སྒྲུབ་སྟངས་རྨད་དུ་བྱུང་བ་བཞུགས། གསང་སྔགས་ཀྱི་གྲུབ་མཐའ་གཞན་དག་དང་བསྡུར་ན། སེམས་འདས་ཨ་ཏི་ཡོ་ག་འདི་ལ་གོལ་ས་ཉུང་ཞིང་། ལོགས་སུ་བོགས་འདོན་སྣ་ཚོགས་བསྟེན་མི་དགོས་ཀྱང་། ངོ་སྤྲོད་དང་མཉམ་བཞག་གི་སྐབས་རྣམས་སུ་འཁྲུལ་ས་ཆེ་ཤོས་ནི། རྣམ་རྟོག་སོགས་ཆེད་དུ་མ་བཀག་ཀྱང་། ཇེ་ཉུང་དུ་སོང་ནས་ལྷོད་བདེའི་ཉམས་འཆར་ནས། དེའི་ངང་དུ་ལུང་མ་བསྟན་དུ་ལུས་ནས། ལྷག་མཐོང་ཤེས་རབ་ཀྱི་ཆ་དང་བྲལ་བར་ཐ་མལ་གྱི་བཏང་སྙོམས་ཙམ་ལ་རྩོལ་མེད་ཀྱི་རིག་པར་འཁྲུལ་བ་ཡིན་པས། སྒོམ་ཆེན་རྣམས་ཀྱིས་ནོར་ས་འདི་ལ་གཟབ་དགོས་ཀྱི། དེ་འདྲའི་ངང་དུ་ཡུན་རིང་བསྡད་ཀྱང་། མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཁོངས་ནས་འཆར་དཀའ་བས། རྫ་དཔལ་སྤྲུལ་རིན་པོ་ཆེས། དེང་སང་དུས་ཀྱི་གནས་སྐབས་ལ། །བླ་མ་སློབ་མ་ལ་ལ་ཡིས། །བླ་མས་སློབ་ཉེས་སློབ་མས་སྒོམ་ཉེས་ཀྱིས། །མི་ལོ་བདུན་ཅུ་བརྒྱད་ཅུ་བསྒོམ་ན་ཡང་། །ཉམས་རྟོགས་མ་སྐྱེས་མིའང་མང་པོ་གདའ། །ཞེས་གོལ་ཚུལ་བསྟན་པ་ནི་རང་ཅག་རྣམས་ཀྱི་ཡིད་ལ་འཛིན་འོས་པའི་ཞལ་གདམས་རིན་ཐང་དང་བྲལ་བའོ། །སྟོང་པ་ཉིད་ཀྱི་ལྟ་བའི་རྒྱུན་སྐྱོང་ཚེ། དབང་བཙན་ཞིང་སྟོབས་ཆེ་བ་འདྲ་བའི་བདུད་བཞི་པོའི་སྣང་བ་འབྱུང་ཡང་། དེ་དག་ཐམས་ཅད་རྨི་ལམ་ཤར་བ་བཞིན་དུ་བདེན་པར་མེད་པ་དྲན་ཏེ། སྐྱེ་མེད་ཀྱི་དབྱིངས་སུ་ཞིག་འགྲོ་བ་ཡིན་པས། ཐུན་དང་ཐུན་མཚམས་སམ། ཟ་ཉལ་འགྲོ་འདུག་སོགས་དུས་དང་སྤྱོད་ལམ་ཀུན་ཏུ་རྣམ་རྟོག་གི་དབང་དུ་མི་འགྲོ་བར། ལྟ་བའི་ངང་དུ་གནས་པ་གལ་ཆེ། གལ་ཏེ་བར་ཆད་བདུད་བཞིའི་ཡོ་ལངས་མུ་མཐུད་དུ་འཁྲུག་ཚེ། སྒྲ་ཐམས་ཅད་ཀྱི་མཆོག །སྔགས་ཐམས་ཅད་ཀྱི་ཡང་སྙིང་། བདུད་སྲོག་གཅོད་པའི་སྟ་རེ། སྐྱེ་བ་མེད་པའི་དགོངས་དོན། བསྒྲགས་པའམ་ཐོས་པ་ཙམ་གྱིས་རྣམ་རྟོག་ཐམས་ཅད་ཀ་དག་སྤྲོས་བྲལ་ཆེན་པོའི་དབྱིངས་སུ་ཐད་ཀར་དུ་གཅོད་པའི་ནུས་པ་ཅན་ཕཊ་ཅེས་པས་རེ་དོགས་མ་ལུས་དབྱིངས་སུ་གཅོད་པར་བྱ། དེས་ཇི་ལྟར་གཅོད་ནུས་ཚུལ་ནི་གསང་སྔགས་ཀྱི་གཞུང་གཞན་དུའང་བསྟན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཕཊཿནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་འགུགས་པ་ཡིན་པར་བཤད། །ཕཊཿནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོང་དང་བཅས་པ་འཇོམས་པར་བྱེད། །ཅེས་དང་། བླ་མ་དགོངས་པ་འདུས་པར་བར་ཆད་སེལ་བའི་ཕཊ་བསྟན་པའི་སྐབས་སུ། ཕཊཿལས་སྟོང་གསུམ་ཕཊཿ ཀྱིས་གང༔ ད་ལྟ་གང་བ་མ་ཡིན་ཏེ༔ ཆོས་ཉིད་དབྱིངས་སུ་སྐྱེ་བ་མེད༔ ཉམས་སུ་ཆུད་ན་ཕཊཿདུ་བསྒྲག༔ རྡོ་རྗེའི་བྲག་ཀྱང་འཇིག་པར་ནུས༔ བར་ཆད་བགེགས་ལ་སྨྲོས་ཅི་དགོས༔ བར་ཆད་སེལ་བའི་ཕཊ་ཅེས་བྱ༔ ཞེས་པས་བསྟན་པ་དང་། གཞན་ཡང་རྗེ་མི་ལས། རྣམ་རྟོག་འཐོར་བ་སྡུད་པ་ཕྱི་ཡི་ཕཊ། །རིག་པ་བྱིངས་བ་སེལ་བ་ནང་གི་ཕཊ། །གནས་ལུགས་ངང་ལ་འཇོག་པ་དོན་གྱི་ཕཊ། །ཅེས་གསུངས་བཞིན་དུ། ཕཊ་ཀྱི་དོན་གོ་ནས་འདོན་ན་བདུད་བཞིའི་སྲོག་རྩ་གཅོད་པ་དང་། སེམས་རྣམ་ཤེས་ཆོས་དབྱིངས་སུ་བཙན་གྱིས་བསྲེ་བར་བྱེད་པ་སོགས་ཀྱི་བྱིན་རླབས་ལྡན། བོད་ཀྱི་ངག་རྒྱུན་ལ། ཕཊ་སྒྲ་ངན་པས་རང་སྲོག་གཅོད། ཅེས་པ་ལྟར། ལྟ་དགོངས་ཀྱི་གོ་བ་མེད་ཀྱང་། ཕར་ཕཊ་སྒྲ་བསྒྲགས་པ་ཙམ་གྱིས་བདུད་བཞི་དབྱིངས་སུ་གཅོད་ནུས་པ་མ་ཡིན་པས། དང་པོར་བདག་མེད་དང་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ངེས་ཤེས་མ་ནོར་བ་ཆགས་ནས། དེ་ནས་བེམ་རིག་ཕྲལ་བ་དང་། དབྱིངས་དང་རིག་པ་དབྱེར་མེད་དུ་བསྲེ་བ་ལ་ཡང་དང་ཡང་དུ་སྦྱངས་ཤིང་། ཕཊ་ཀྱི་སྒྲ་དོན་ལ་གོ་བ་རྣལ་མ་བྱུང་རྗེས་སུ། གནམ་ལྕགས་ཀྱི་ཐོག་མདའ་བྲག་ཐོག་ཏུ་བབས་པ་ལྟར་དུ། བདག་འཛིན་གྱི་སེམས་དང་། ལུས་གཅེས་འཛིན་གྱི་བློ། དགའ་སྡུག་གི་སྣང་བ་ཡོད་དོ་ཅོག་སྐྱེ་མེད་ཀྱི་ཀློང་དུ་སྐད་ཅིག་གིས་གཅོད་ནུས་པ་འོང་། ཕཊཿའདི་དོན་ཟབ་ལ་བྱིན་རླབས་ཆེ་བས། འདིའི་ནང་དུ་ཆོས་ཐམས་ཅད་ཀྱི་སྙིང་པོ་འདུས། གཅོད་པ་རྣམས་ཀྱིས་འདོན་ཆོག་དང་དམིགས་པ་ཆ་ཚང་བྱེད་མི་ཁོམ་ཚེ། འདི་གཅིག་པོ་བསྒྲགས་པས་འཐུས། རྣམ་རྟོག་ཅི་བྱུང་ཡང་འདིས་ཆོད་མི་ནུས་པ་དཀོན། ཕས་ཐབས་དང་། ཊས་ཤེེས་རབ་མཚོན། མཉམ་དུ་ཐབས་ཤེས་ཟུང་འཇུག་མཚོན་པས། རྒྱལ་བའི་ལམ་ཆ་ཚང་གི་དགོངས་དོན་རྫོགས། མ་ཅིག་གི་ཞལ་ནས། ཕཊཿའདི་ནི། ངའི་ཆོས་ལུགས་དང་མཚུངས་ཏེ། ཕ་ཞེས་པ་ནི་ཕ་རོལ་དུ་ཕྱིན་པའི་དོན་ཡིན། ཊ་ཞེས་པ་ནི་ནང་གསང་སྔགས་བླ་ན་མེད་པའི་དོན་ཡིན་པ་དང་། དྲག་པོའི་ཡི་གེ་འདི་གཉིས་གཅིག་ཏུ་དྲིལ་བ་ལ་ཕཊཿཟེར་ཏེ། བརྗོད་པ་ཙམ་གྱིས་ཡོན་ཏན་མཐའ་ཡས་པ་ཡོད་ཅིང་། ཕཊཿབརྗོད་པ་ཙམ་གྱིས་ནང་བདག་འཛིིན་གྱི་མགོ་བོ་འགེམས་པར་ནུས་པ་དང་། ཕྱིའི་ནད་གདོན་རྣམས་ཞི་བར་ནུས་པ་ཡིན་ནོ། །ཞེས་གསུངས།མདོར་ན་རྣམ་རྟོག་གང་ཤར་ཚེ་ཕཊཿབརྗོད་པས་ཐོག་གིས་བྲག་རི་གཏོར་བ་བཞིན་དུ། ད་ལྟ་ཉིད་དུ་རྣམ་རྟོག་ཆེ་ཆུང་ཕྲ་རགས་ཚང་མ་རང་ཚུགས་མི་ཟིན་པར་ཞིག་འགྲོ། བདག་འཛིན་བྱུང་ཚེ་དེ་བརྗོད་པས་བདག་མེད་རྟོགས་པའི་ཤེས་རབ་འབར། འདས་མ་འོངས་ད་ལྟའི་བའི་རྟོག་པ་འགྱུ་ཚེ་ཕཊཿབརྗོད་པས། རིག་པ་རྗེན་ནེ་བ་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་ཕྱོགས་ཀུན་ཏུ་བརྡལ། གཟུགས་ལ་བདེན་ཞེན་སྐྱེས་ནས་ཆགས་སྡང་བྱུང་ཚེ། ཕཊཿབརྗོད་པས་གཟུགས་འཛིན་གྱི་རྣམ་རྟོག་རང་སར་ཞིག་ནས་གཟུགས་སྟོང་པ་ཉིད་དུ་ཤར། དེ་བཞིན་དུ་སྒྲ་ལ་བདེན་ཞེན་སྐྱེས་ཚེ་ཕཊཿབརྗོད་པས་སྒྲར་འཛིན་གྱི་རྣམ་རྟོག་རང་སར་ཞིག་ནས་སྒྲ་སྟོང་པ་ཉིད་དུ་ཤར། དྲི་རོ་རེག་བྱ་སོགས་ལ་བདེན་ཞེན་སྐྱེས་ཚེ་ཕཊཿབརྗོད་པས་དེར་འཛིན་གྱི་རྣམ་རྟོག་རང་སར་གྲོལ་ནས། དེ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གོ །ལྷ་མཐོང་ནས་དགའ་བ་སྐྱེས་ཚེ།ཕཊཿབརྗོད་པས་ལྷར་འཛིན་དགའ་བྲོད་ཀྱི་འཆིང་རྒྱ་ལས་གྲོལ། འདྲེ་སྣང་ཚེ་ཕཊཿབརྗོད་པས་འཇིགས་དོགས་ཀྱི་སྣང་བ་ཡལ། རྐྱེན་ངན་པ་མདུན་དུ་བྱུང་ཚེ་ཕཊཿབརྗོད་པས་གཉིས་སྣང་སྟོང་ཉིད་དུ་ཐིམ་ནས། གང་དང་ཅི་ལའང་མི་འཇིགས་པའི་ལྟ་བའི་དཔའ་གདེངས་སྐྱེ། འཇིག་རྟེན་ཆོས་བརྒྱད་ཀྱི་ཡོ་ལང་འཁྲུགས་ཚེ་ཕཊཿབརྗོད་པས་བཟང་ངན་རོ་སྙོམས་ཀྱི་བྲོ་བ་མྱོང་། ཕཊཿནི་གཅོད་ཡུལ་ཆོས་ཀྱི་དབྱིངས་དང་གཅོད་བྱེད་བདག་མེད་ཀ་དག་སྤྲོས་བྲལ་གྱི་རིག་པ་གཉིས་ཀ་ཡིན་པས། གཅོད་བྱ་བདག་འཛིན་གཅོད་པ་ལ་ཤེས་རབ་ཀྱི་མཚོན་ཐམས་ཅད་ཀྱི་མཆོག་ཏུ་གྱུར། དེར་མ་ཟད་དམིགས་པ་རྣམས་ཀྱི་སྐབས་སུ། དེ་དག་སྐྱེད་བྱེད་དང་དེ་དག་གི་མཚོན་དོན་སོགས་ལ་འཇུག་པས། མ་ཅིག་གིས། ཕཊཿཞེས་བྱ་བའི་སྒྲ་བྱུང་བ། །གོ་དོན་ཐ་དད་མི་འདྲ་བ། །དམིགས་རྣམས་ཀུན་གྱི་གསལ་འདེབས་ཡིན། །ཞེས་གསུངས་པ་ལྟར། ཟིལ་གནོན་དང་། སྐྱབས་འགྲོ་སེམས་བསྐྱེེད། བླ་མའི་རྣལ་འབྱོར། ལུས་འགྱེད་སོགས་ཀྱི་སྐབས་སུ། དམིགས་པ་སྐྱེད་བྱེད་དུ་བརྗོད་པས་ཕན་ཡོན་ཆེ་བ་དང་། དེས་མདོ་སྔགས་ཟུང་གིས་བསྡུས་པའི་ཆོས་རྣམས་ཀྱི་གཞི་ལམ་འབྲས་བུ་དག་མཚོན་ནུས་པས་བྱིན་རླབས་མང་། སྐབས་སྐབས་རེར་དྲན་ཤེས་ཀྱི་རྒྱལ་ཁྲི་ལས་མར་ལྷུང་ནས། དུག་གསུམ་དང་དུག་ལྔ་སོགས་རྣམ་རྟོག་གི་ཁྲོད་དུ་ཉུལ་ནས་དེ་དག་གི་དབང་དུ་ཤོར་ཚེ། རྣལ་འབྱོར་པ་རྣམས་ཀྱིས་ད་ང་འཁོར་བའི་ནང་དུ་ལྷུང་འདུག་སྙམ་པ་བྱུང་ན། ཕཊ་སྒྲ་རེ་འཕངས་ཚེ་ཉོན་མོངས་ཡོད་ཚད་ཞིག་ནས། དབུས་མཐའ་བྲལ་བའི་སེམས་ཀྱི་ཆོས་ཉིད་ནམ་མཁའ་གཡའ་དག་པ་ལྟ་བུ་ཐོལ་བྱུང་དུ་འཆར་ནས། ད་ང་མྱང་འདས་ཀྱི་གོ་སར་སླེབས་འདུག་སྙམ་འོང་རྒྱུ་ཡོད་པ་འདི་ངོ་མཚར་ཆེ། དེ་ལྟ་མ་ཡིན་པར་བདུད་བཞི་པོ་བདེན་གྲུབ་ཏུ་བཟུང་ནས། གཉེན་པོ་གང་བསྟེན་ཀྱང་། གནས་སྐབས་སུ་དེ་དག་བག་ལ་ཞ་བ་འོང་ང་། རྩ་བ་གཅོད་པར་མི་ནུས་པས། གྲོལ་བ་ལ་རེ་བ་དག་གིས་ངེས་པར་དུ་བདུད་བཞི་པོ་སྐྱེ་བ་མེད་པའི་དབྱིངས་སུ་ཐད་ཀར་གཅོད་ཤེས་པ་ནི་མེད་དུ་མི་རུང་བའི་གནད་དམ་པ་ཡིིན་སྟེ། ཐོག་མཐའ་ཐམས་ཅད་བྲལ་བའི་གདོད་མའི་གཞི་ཀློང་ཆོས་ཀྱི་དབྱིངས་ལ་བདུད་ལྟ་ཅི་ཞོག །ལྷ་ཡང་གྲུབ་མ་མྱོང་བས་ཡེ་དག་རབ་འབྱམས་ཀྱི་ངོ་བོར་བཞུགས་ཤིང་། དེའི་སྡོད་ཚུལ་ཡང་ཚིག་གིས་བརྗོད་དུ་མེད་པ། བློ་ཡིས་དཔྱད་མི་བཏུབ་པ། བརྡ་ཡིས་མཚོན་དཀའ་བར་སོང་བས། ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པའི་རྫོགས་ཆེན་གཞི་ལམ་འབྲས་བུའི་སྨོན་ལམ་དུ། གདོད་མའི་གནས་ལུགས་རང་བཞིན་སྤྲོས་དང་བྲལ༔ ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས༔ མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི༔ འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས༔ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔ ཅེས་གསུངས། དེ་ལྟར་ནམ་དུའང་ཐོག་མཐའ་མ་མཆིས་ཤིང་དགེ་དང་མི་དགེ་གང་གི་ཕྱོགས་སུ་མ་ལྷུང་བ། མཚན་མའི་དངོས་པོ་ཐམས་ཅད་ཀྱིས་སྟོང་པ། བློས་ཇི་ལྟར་དཔྱད་ཀྱང་འདིའོ་ཞེས་རྙེད་རྒྱུ་མེད་པའི་དོན་དམ་བདེན་པ་སྐྱེ་བ་མེད་པའི་དབྱིངས་སུ་མཉམ་པར་བཞག་ཚེ། བདུད་ཇི་ལྟར་གདུག་ཀྱང་ཡལ་འགྲོ་བ་ནི་དེ་ཁོ་ཉིད་ཀྱི་གཤིས་ཀར་སོང་། འོན་ཀྱང་དབྱིངས་ཉིད་ལ་ཕར་ལུང་རིགས་ཀྱིས་དཔྱད་ནས་རང་གི་ཡིད་ངོར་དཔྱད་པ་རྫོགས་པའི་གདེང་རེ་སྐྱེ་རྒྱུ་ཞིག་འོང་བ་ནི་ཆོས་ཉིད་ཡུལ་གྱི་ངོས་ནས་གཞལ་བ་ཙམ་ཡིན་པས། གོ་བ་ཇི་ཙམ་ཟབ་ཀྱང་བདུད་བཞི་འཇོམས་མི་ནུས། སྨན་ཡིག་བློར་བཟུང་ཀྱང་སྨན་མ་བཏུང་བར་དུ་ནད་སེལ་བའི་རྐྱེན་དུ་མི་འགྱུར་བ་ལྟ་བུར་འགྱུར། རྒྱུད་ལས་ཀྱང་། རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་དངོས་གྲུབ་རིང་བར་བཤད། །ཅེས་དང་། ས་ར་ཧ་པས། ཁྱིམ་དང་ཁྱིམ་ན་དེ་ཡིས་གཏམ་སྨྲ་ཡང་། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །འགྲོ་ཀུན་བསམ་པས་སུན་འབྱིན་མདའ་བསྣུན་སྨྲ། །བསམ་གྱིས་མི་ཁྱབ་གྲུབ་པ་འགའ་ཡང་མེད། །ཅེས་གསུངས་པའང་འདི་ལྟ་བུ་ཡིད་དཔྱོད་ཀྱི་ལྟ་བ་གཅིག་པུས་གྲོལ་མི་ཐུབ་པར་དགོངས། ཆོས་དབྱིངས་སྐྱེ་བ་མེད་པའི་དོན་འདི་མ་ཤེས་ན། ཐེག་པ་ཐམས་ཅད་ལ་མཁས་ཀྱང་། རྒྱལ་བའི་དགོངས་པ་མ་རྟོགས་པར་ལུས་སྟེ། མཐར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་གནད་འདི་གཅིག་པོར་འདུས་ཤིང་། མདོ་སྔགས་གཉིས་ཀྱི་གྲུབ་མཐའ་ནི་ཆུ་གཞུང་ཆེན་པོ་གཉིས་མཐར་གཅིག་ཏུ་འདྲེས་ཚེ་ཆུ་གཅིག་ལས་མེད་པ་དང་མཚུངས། ཀུན་རྫོབ་དྲང་དོན་ལྟར་ན། སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ཞིང་གྲངས་མང་བ་བསྟན། ངེས་དོན་ལྟར་ན་ཆོས་གཅིག་ལས་མ་གསུངས། དེ་རྟོགས་ན་མྱུར་དུ་གྲོལ་ལ། མ་རྟོགས་ན་མུ་མཐུད་དུ་སྒྲ་དང་རྟོག་པ་ལ་ཞེན་ནས། དྲང་དོན་གྱི་ཆོས་ཀྱི་གཟེབ་ཏུ་ཚུད་ཅིང་། འཆི་ཚེ་བར་དུ་རྟོག་གེའི་བློོ་གྲོས་ཙམ་ལས་མ་འབྱོར་བར་ལུས་ནས། ཁ་ནས་ལྟ་བ་མཐོན་པོ་བསྒྲགས་ཀྱང་། དོན་དུ་འཇིག་རྟེན་ཆོས་བརྒྱད་ཀྱི་ཁོལ་བོར་འགྱུར་སྲིད། རེ་ཞིག་རྒྱལ་བ་ཐབས་ལ་མཁས་པ་གང་དེས་གདུལ་བྱའི་བློ་ངོར་བསྟུན་པའི་ཐེག་པའི་རྣམ་གཞག་མང་དུ་བསྟན་པ་དག་དྲང་དོན་གྱི་ཕྱོགས་སུ་འགྲོའང་། དགོས་པ་དང་ཕན་ཡོན་མེད་པ་ག་ལ་ཡིན་ཏེ། ཕ་དམ་པས། སེམས་ཉིད་དང་ནམ་མཁའ་དབྱེར་མེད་དུ་མ་འདྲེས་བར་དུ། ཐེག་པ་རང་ས་ན་བདེན་པས་ཆོས་ལ་ཕྱོགས་ཆ་དང་ཕྱོགས་རིས་མ་བྱེད་ཅིག་ཅེས་གསུངས། འོན་ཏེ་མཐར་སྐྱེ་མེད་ཆོས་ཀྱི་དབྱིངས་ཁོ་ན་ངེས་པའི་དོན་དུ་བཞུགས་པས། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ་པའི་དོན་པོ་དམ་པའི་ཆོས་དང་འཕྲད་པའི་སྐལ་པ་བཟང་པོ་འདི་ཡིིན་ཞིང་། ཆོས་ཀྱི་སྙིང་པོའང་གནས་ལུགས་རྟོགས་པ་འབའ་ཞིག་ལ་ཐུག་ན། ཐུན་མོང་གི་ཤེས་བྱ་དང་ནང་དོན་རིག་པ་དབུ་ཚད་རྒྱུད་སྡེ་སོགས་ཀྱི་གྲུབ་མཐའ་རྒྱ་ཆེ་བའི་ནང་དུ་མགོ་འཁོར་ནས་སྙིང་པོའི་དོན་བརླག་ཉེན་ཡོད་པས། ཀློང་ཆེན་པས། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། །ད་རེས་ཆོས་སྐུའི་སྙིང་པོའི་དོན། །འགྱུར་མེད་བཙན་ས་བཟུང་ན་ལེགས། །ཞེས་གསུངས། ད་རང་རེ་མཆོག་གསུམ་གྱི་སྣང་བ་དང་འཕྲད། རྟོགས་ལྡན་གྱི་བླ་མ་མཇལ། ཆོས་ཟབ་མོ་བདུད་གཅོད་ཀྱི་གདམས་པ་འདི་ཉམས་སུ་ལེན་པའི་སྐལ་བ་ཅན་དག་གིས། ཆོས་འདི་ནི་སྲིད་ན་དཀོན་པའི་ཡིད་བཞིན་ནོར་བུ་ལྟར་དུ་བཀུར་ནས། ཨེ་མ་འདི་འདྲའི་ལས་དང་སྐལ་པ་འཛོམས་པའི་དུས་འདིར་མི་ལུས་རིན་པོ་ཆེ་འདི་ཆུད་ཟོས་མི་བྱེད་པར། དད་དང་ཤེས་རབ་ཟུང་སྦྱོར་གྱིས་ཆོས་ཟབ་མོ་འདི་ཉིད་ཉམས་སུ་བླངས་ཏེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་དམ་བཅའ་སྤྲོ་བ་དང་བཅས་པ་མི་འདོར་བ་གལ་ཆེ། གཅོད་པ་འགའ་རེས་ཐུགས་ལ་བདག་ནི་ཆོས་ཟབ་མོ་འདི་དང་འཕྲད་ཅིང་། དད་པ་རྣལ་མ་ཡོད་ཀྱང་། དབང་པོ་དམན་ཞིང་སྒྲིབ་པ་འཐུག །ཚོགས་མ་བསགས། སྔོན་སྦྱངས་ཀྱི་ཤེས་རབ་ཀྱིས་དབེན་པས་གཅོད་ཡུལ་ཟབ་མོའི་དགོངས་དོན་མངོན་དུ་འགྱུར་མི་ནུས་སྙམ་པའི་ནེམ་ནུར་འབྱུང་སྲིད་ཀྱང་། དེ་ནི་བདག་ལ་བརྙས་པའི་ཐེ་ཚོམ་དུ་སོང་བས་རྗེས་སུ་མི་འབྲང་བར། དཔའ་གདེང་མཐོན་པོའི་བ་དན་དགུང་ལ་བསྒྲེངས་ཏེ། ད་ལྟ་ལས་སྨོན་རྟེན་འབྲེལ་རྣམ་པར་དག་པ་དུས་ལ་སྨིན་པས། བདག་གིས་ཟབ་མོའི་ལམ་འདིར་ཐེ་ཚོམ་མེད་པར་དད་དང་སྙིང་སྟོབས་ཀྱི་གྲོགས་དང་ལྷན་ཅིག་ཏུ་ཞུགས་ནས། ངེས་པར་དུ་ཚེ་འདིར་གདོད་མའི་གོ་འཕང་ཟིན་ཐུབ་འོང་སྙམ་པའི་སྤོབས་པ་འཛིན་དགོས། དེ་ཡང་རྒྱུ་མཚན་མེད་པར་རང་མགོ་གཡོག་བྱེད་ཀྱི་འདུ་ཤེས་སྐྱིད་པོའི་དྷ་ཏུ་རར་ལོངས་སུ་སྤྱོད་པ་ཙམ་མ་ཡིན་ཏེ། དང་པོར་རང་ཅག་གི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་འགྲོ་བ་མ་ལུས་པར་ཏིལ་ལ་མར་གྱིས་ཁྱབ་བཞིན་དུ་གནས་ཤིང་། རང་བཞིན་རྣམ་དག་གི་སངས་རྒྱས་རང་རེའི་རྒྱུད་ལ་ཐོག་མ་མེད་པ་ནས་རང་ཆས་སུ་བཞུགས་པས། ཉོན་མོངས་འབྲལ་རུང་བ་དང་། ཡོན་ཏན་རྫོགས་རུང་བ་ཡིན་པའི་ཁར། ཚེ་རབས་སྔོན་མར་ལམ་ལ་ཞུགས་ནས། ཚོགས་རྒྱ་ཆེན་པོ་བསགས་པའི་སྟོབས་ཀྱིས། ད་རེས་དམ་པའི་ཆོས་དང་འཕྲད་ཅིང་། མཚན་ལྡན་གྱི་བླ་མ་མཇལ། རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ལྷག་ཏུ་གསང་ཆེན་བླ་ན་མེད་པའི་ཆོས་ཀྱི་བདུད་རྩི་མྱོང་བའི་སྐལ་བ་ཐོབ་པ་ཡིན། གལ་ཏེ་རྣམ་པར་དཀར་བའི་རྒྱུ་ཚོགས་སྔོན་དུ་མ་སོང་བར། སྐལ་བ་ཕུན་སུམ་ཚོགས་པ་འདི་འདྲ་ཐོབ་མི་སྲིད་པ་ཤེས་པར་བྱས་ཏེ། ཕྱི་ནང་གི་རྐྱེན་གང་ཤར་ཀྱང་། བརྟུལ་ཞུགས་ཀྱི་སྤྱོད་པས་རྣམ་རྟོག་ཐོག་བརྫི་གཏོང་བ་ལ་མཁས་པའི་སྒོ་ནས་གྲོལ་བ་ལག་མཐིལ་ལ་གནས་པ་ལྟར་ལེན་དགོས། ཡང་འགའ་ཞིག་གིས། མི་འདོད་པའི་རྐྱེན་སྣ་ཚོགས་འབྱུང་ཚེ་འཇིགས་སྐྲག་དང་སྐྱོ་ངལ་གྱི་གསེབ་ཏུ་ལྷུང་ནས། བདག་གིས་ཆོས་ཟབ་མོ་ཉམས་སུ་ལེན་བཞིན་པ་ལ། ལྷ་དང་བླ་མ་ཆོས་སྐྱོང་སྲུང་མས་ཐུགས་རྗེས་གཟིགས་ནས། སྙན་གྲགས་ཇེ་རྒྱས། ལོངས་སྤྱོད་ཇེ་འཕེལ། གྲོགས་ཇེ་མང་དུ་འགྲོ་དགོས་པ་ལ། དེ་ལྟར་མི་འབྱུང་བ་ཅི་ཡིན་སྙམ་པའི་རྟོག་པ་འབྱུང་ན། ད་ལྟ་ལམ་ཟབ་མོའི་བྱིན་རླབས་ཀྱི་མཐུ་ལས་སྐྱེ་བ་སྔོན་མར་བསགས་པའི་ལས་ཐམས་ཅད་དུས་གཅིག་ཏུ་སྨིན་ནས། ཕར་བལྟས་ཚོད་ལ། ཕྱི་ནང་གསང་བའི་བར་ཆད་དུ་ཤར་བ་ཡིན་པས། སྒྱུ་མ་ལྟ་བུའི་འཁོར་བའི་ཆོས་འདི་དག་བདེན་པར་མི་འཛིན་པར། རྐྱེན་ངན་ལམ་ཁྱེར་གྱི་གདམས་པ་སྙིང་ལ་འཆིང་བཞིན་དུ། དུས་ཀུན་གུ་ཡངས་བློ་བདེའི་ངང་ལ་རོལ་བར་བྱ་སྟེ། དུས་གསུམ་ཀུན་གཟིགས་ཡབ་རྗེ་མཚོ་སྐྱེས་བླ་མས། ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ། །ཞེས་གསུངས་པའང་འདི་ལྟ་བུ་ལ་དགོངས། ལམ་འདི་མ་ཟད། ཐེག་པ་ཆེན་པོ་སྤྱི་ལྟར་ན། སྡུག་བསྔལ་ཕྲ་རགས་གང་བྱུང་ཚེ། ཁོང་ཁྲོ་དང་ཡི་ཆད་ཀྱི་དབང་དུ་མ་སོང་བར། དགའ་བ་སྒོམ་ཅི་ནུས་བྱེད་དགོས་ཀྱི། མུ་མཐུད་དུ་མྱ་ངན་གྱིས་གཟིར་ནས། དཀར་པོའི་ལས་ལ་སྤྲོ་བ་མི་སྐྱེ་བ་སོགས་ཀྱི་གེགས་འབྱུང་བར་འགྱུར། སྡུག་བསྔལ་དང་འཕྲད་ཚེ་དགའ་བ་བསྐྱེད་པའི་ཚུལ་ནི། དགེ་བའི་བཤེས་གཉེན་ཁ་རག་པས། ད་ལྟའི་སྡུག་བསྔལ་ཕྲ་མོས་ཀྱང་། །སྔར་བྱས་སྡིག་པ་ཟད་བྱས་ནས། །ཕྱི་མའི་དུས་ན་བདེ་འགྱུར་གྱིས། །སྡུག་བསྔལ་དགའ་བ་སྒོམས་ཤིག་ཨང་། །ཞེས་གསུངས་པ་ལྟར་ཏེ། སྔར་བསགས་པའི་མི་དགེ་བའི་ལས་རྣམས་ད་ལྟ་ལུས་ཐོག་ཏུ་སྨིན་པ་ཡིན་པས། མི་རིང་བར་དེ་རྣམས་ཡོངས་སུ་འཛད་པར་འགྱུར་ཞིང་། ངེས་ལེགས་གཏན་ཀྱི་བདེ་བ་བླ་ན་མེད་པ་མངོན་དུ་འགྱུར་རོ་སྙམ་པའི་འཁྱེར་སོ་ལ་བསླབ་པར་བྱའོ། །ད་ནི་འདིར་བརྟུལ་ཞུགས་ལ་སྤྱོད་པའི་རྣལ་འབྱོར་པ་ཚོར་དྲན་སྐུལ་ཚུལ་དུ་རིག་པ་ཆོས་སྐུའི་བརྟུལ་ཞུགས་ཀྱི་ལྟ་བའི་ང་རོ་བསྒྲག་པ་ལ་གསོན་ཅིག །