དཀར་ཆག
དཔེ་དེབ

གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་དོན་འགྲེལ་རིག་འཛིན་དགྱེས་པའི་བདུད་རྩི་བཞུགས།

གཟུགས་མེད་ཁམས་ཀྱི་སྒྲིབ་པ་ཟད་ཅིང་སྐྱོན་གྱིས་མ་གོས་པར་ཁམས་དེའི་བརྟན་གཡོ་དབང་དུ་བསྒྱུར་བས་སྐུ་སྟོད་སྲིད་པའི་རྩེ་མོར་སླེབས་པ། གཟུགས་ཁམས་ཀྱི་སྒྲིབ་པ་ཟད་ཅིང་དེ་ཉིད་དབང་བསྒྱུར་བས་སྐུ་སྐེད་ཁམས་དེར་བརྗིད་པ། སྐུ་སྨད་འདོད་ཁམས་ན་དེའི་སྒྲིབ་པ་ཟད་ཅིང་དབང་དུ་བསྒྱུར་བའི་བརྡར་བཞེངས་པ། འཁོར་འདས་ལམ་གསུམ་གྱི་ཆོས་ཀུན་དག་མཉམ་རོ་གཅིག་གི་ཐིག་ལེར་ཆུབ་པས་ཞལ་གཅིག་ཅན། ཀུན་གཞིའི་ཀློང་དུ་བག་ཆགས་ཀྱི་སྟོབས་ཀྱིས་རབ་ཏུ་དྲེགས་པའི་ཕྲ་རགས་ཀྱི་བདུད་བཞི་ཐམས་ཅད་ཕམ་པར་མཛད་པས་ཁྲོ་བའི་མཛེས་ཉམས་དང་ལྡན་པ། ཐབས་བདེ་བ་ཆེན་པོ་དང་དོན་དམ་སྟོང་པ་ཉིད་ཡེ་ཤེས་གཅིག་གི་ངོ་བོར་ཟུང་དུ་འཇུག་པའི་བརྡར་ཕྱག་གཉིས། མ་རིག་བདུད་ཀྱི་ཆོ་འཕྲུལ་དམིགས་མེད་དབྱིངས་སུ་བཏབ་ཅིང་རྣམ་པར་རྒྱལ་ཏེ། གཞན་དག་ཐར་པའི་གོ་འཕང་ལ་དཀྲི་བར་མཚོན་པའི་དབུ་སྐྲ་གནག་སྣུམ་གྱི་ཅོད་པན་གྱིས་བརྒྱན་ཞིང་། རྣམ་བྱང་ཕྱོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་འབད་མེད་དུ་མངའ་བས་རལ་བའི་ཟུད་ཕུད་ཀྱིས་སྐུ་རྒྱབ་ཁེབས་པ། སྐུ་གསུམ་གྱི་ངོ་བོ་ཡོན་ཏན་མཐའ་དག་ལྷུན་གྱིས་རྫོགས་ཤིང་། དུས་གསུམ་གྱི་དངོས་པོ་ཆགས་ཐོགས་མེད་པར་ས་ལེེར་གཟིགས་ཤིང་། ཁམས་གསུམ་འགྲོ་ལ་དམིགས་མེད་རྗེས་ཆགས་ཀྱི་བརྩེ་བ་མ་དོར་བས་སྤྱན་གསུམ་དམར་ཞིང་ཟླུམ་ལ་གཡོ་བ། ཚད་མེད་རྣམ་བཞིའི་ངང་ནས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ལ་རོལ་བས་གློག་ལྟར་འཚེར་བའི་རྣོ་དཀར་གྱི་མཆེ་བ་བཞི་གཙིགས་པ། རེ་དོགས་ཀྱི་དགྲ་བགེགས་དབྱིངས་སུ་ཐིམ་པའི་བརྡར་ཕྱག་གཡས་ཀྱིས་ཁྲག་དམར་གྱིས་བརྒྱན་པའི་མི་ལྤགས་གཡང་གཞི་རྡེབ་ཅིང་གདུག་པ་ཅན་མཐའ་དག་དབང་མེད་དུ་བསྡུས་ནས། ཁྱབ་བརྡལ་མཉམ་པ་ཉིད་ཆེན་པོའི་ལྟ་བའི་བཙོན་རར་བཅུག་པ། ཕྱག་གཡོན་ན་མི་རྐང་གི་གླིང་བུ་དྲག་ཏུ་འབུད་པས་རྣམ་ཐར་གསུམ་ལྡན་ཆོས་ཉིད་སྟོང་པ་ཉིད་ཆེན་པོའི་སྒྲས་སྐྱེ་རྒུ་ཡོད་དོ་ཅོག་མ་རིག་པའི་མུན་པ་ལས་སྐད་ཅིག་གིས་སད་པ། ཐུགས་ཟག་མེད་བདེ་བ་ཆེན་པོའི་བདུད་རྩིས་མྱོས་ཤིང་ཚིམས་པས། དུག་ལྔ་མ་སྤངས་རང་སར་གྲོལ་ཞིང་ཡེ་ཤེས་ལྔའི་བདག་ཉིད་དུ་བཞུགས་པ་མཚོན་བྱེད་དུ་ཐོད་སྐམ་ལྔའི་དབུ་རྒྱན། ཤེས་རབ་ཀྱི་ངོ་བོ་རྣལ་འབྱོར་མའི་སྐུ་ལ་སྦྱིན་སོགས་ཐབས་ཕྱོགས་ཀྱི་ཕ་རོལ་ཕྱིན་པའི་ཚོགས་མཚོན་བྱེད་དུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། སྲིད་ཞི་དང་རྟག་ཆད་ཀྱི་མཐའ་ཐམས་ཅད་ལ་མི་གནས་པའི་བརྡར་ཞབས་གཉིས་གར་སྟབས་སུ་རོལ་པ། དེའི་སྐུ་ཉིད་ཀུན་རྫོབ་ཟག་བཅས་ཀྱི་རྒྱུ་དང་རྐྱེན་ལ་མ་ལྟོས་པར་ཟག་བྲལ་ཡེ་ཤེས་ཀྱི་འོད་ལས་གྲུབ་པ། ཕྱི་ནང་སྒྲིབ་གཡོགས་མེད་པས་དྭངས་ཤིང་གསལ་བ། རྡུལ་ཕྲ་རབ་ལས་རྫས་སུ་གྲུབ་པ་མ་ཡིན་པ། གདོས་བཅས་ཀྱི་ཤ་ཁྲག་རུས་པ་དོན་སྙིང་རྣམས་ཀྱིས་མ་བཀང་ཞིང་། ནང་ཁོང་སྟོང་པ་མ་ཡིན་པར་འོད་ཀྱི་རང་བཞིན་ཅན་དུ་ཤར། རང་ཉིད་མཁའ་འགྲོ་མའི་གསུང་ནི་ཐོས་གྲོལ་ཚངས་དབྱངས་ཡན་ལག་དྲུག་ཅུའི་རང་བཞིན་ཅན་དང་། ཐུགས་ནི་ཟག་མེད་བདེ་སྟོང་གི་ཡེ་ཤེས་འཁོར་འདས་ཀྱི་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་གསལ་བར་གཟིགས་པའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེེས་སུ་བཞུགས་པར་བསྒོམས་ནས།