ལྷར་བཅས་འགྲོ་བའི་འདྲེན་པ་ཤཱཀྱའི་གཙོ།།
སྣང་སྲིད་ཟིལ་གནོན་དཔལ་ལྡན་མཚོ་སྐྱེས་རྗེ།།
གདོད་མའི་མགོན་པོ་དྲི་མེད་འོད་ཟེར་སོགས།།
རྩ་བརྒྱུད་བླ་མའི་ཞབས་ལ་གུས་ཕྱག་འཚལ།།
རྣམ་མང་གདུལ་བྱ་པདྨོའི་མགོན་གཅིག་པུ།།
ལུང་རྟོགས་ཡོན་ཏན་འོད་ཀྱིས་རབ་མཛེས་པ།།
དམ་པའི་སྐྱེས་བུ་རྟ་བདུན་དབང་པོ་ཁྱོད།།
ཆུ་ལྷའི་ཕང་བར་བཞུད་པ་ཀྱེ་མ་ཧུད།།
རླབས་ཆེན་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ལ།།
ཕྱིན་དྲུག་ལོ་འདབ་ཡོངས་སུ་རྫོགས་པ་ལས།།
བསྡུ་བཞིའི་གྲིབ་བསིལ་འགྱེད་ལ་མི་འཇིགས་པའི།།
རྒྱལ་སྲས་ཆེན་པོ་བདག་གི་སྙིང་ནས་དྲན།།
སྐྱེ་འཆིའི་བག་ཆགས་ཡུན་རིང་འགྲོགས་པའི་ནད།།
ཐབས་གསང་རིམ་གཉིས་བདུད་རྩིས་བཅོམ་མཛད་པ།།
ཟག་མེད་བདེ་ཆེན་རྡོ་རྗེ་གར་གྱི་དབང་།།
རྣལ་འབྱོར་རྗེ་བོ་ད་ལྟ་གང་དུ་བཞུད།།
ཕྱི་རུ་གཞན་ཕན་སྤྱོད་པས་ཀུན་ཡིད་འགུགས།།
ནང་དུ་ཞི་ལྷག་ཏིང་འཛིན་ནོར་གྱིས་ཕྱུག།
གསང་བ་ལྟ་དགོངས་ཀློང་དུ་མངོན་བྱས་པའི།།
དོན་གྱི་བཤེས་གཉེན་མཆོག་ཉིད་བརྗེད་ཐབས་བྲལ།།
ཚེ་གཅིག་འོད་སྐུར་གྲོལ་བའི་གདམས་པ་མཆོག།
སེམས་ལས་འདས་པའི་འོད་གསལ་རྫོགས་པ་ཆེ།།
ཀློང་ཆེན་དཔའ་བོའི་རྒྱལ་མཚན་སྒྲེང་བ་བོ།།
རིག་འཛིན་བླ་མ་མཇལ་ན་ཅི་མ་རུང་།།
དུག་ལྔའི་མུན་ནག་འཐུག་པོས་རབ་བསྒྲིབས་ཏེ།།
ཡུན་རིང་དུཿཁས་རབ་གཟིར་འགྲོ་བའི་བློར།།
ཤེས་རབ་སྣང་བའི་སྒྲོན་མེ་སྦར་བ་ཡི།།
རྨད་བྱུང་མཛད་རྗེས་ནམ་ཡང་གསུབ་ཏུ་མེད།།
བཀའ་བབ་བརྒྱུད་པའི་བྱིན་རླབས་རབ་མཆེད་པའི།།
དབང་ཁྲིད་ལུང་གི་ཉལ་འགྲོ་གཙང་མ་ཡིས།།
གཞན་རྒྱུད་སྨིན་ཅིང་གྲོལ་བའི་ཕྲིན་ལས་ལ།།
དཀའ་བ་མེད་པར་འཇུག་པ་ཁྱོད་འདྲ་དཀོན།།
ཟབ་གསང་ཨ་ཏི་ཡོ་གའི་ཉལ་འགྲོའི་རྒྱུན།།
ཐུགས་ཀློང་ཆུ་གཏེར་ཆེན་པོར་འདྲེན་མཁས་པ།།
གཡུ་སྒྲ་སྙིང་པོ་ཉིད་དང་དབྱེར་མེད་ཅེས།།
འཁྲུལ་བྲལ་ལུང་གི་ཅོད་པན་བཞེས་པ་རྨད།།
གཞུང་ལུགས་ཀུན་ལ་ནང་བྱན་ཆུད་བཞིན་དུ།།
རྟོག་གེའི་མྱ་ངན་ཐང་དུ་མ་ལུས་པར།།
གནས་ལུགས་ས་ལེར་གཟིགས་པའི་རྣལ་འབྱོར་བ།།
མཁས་དང་གྲུབ་པའི་དབང་ཕྱུག་ཁྱོད་ལས་སུ།།
དུས་ཀྱི་ཡོ་ལས་རླུང་དམར་དྲག་གཡོས་ཏེ།།
རྒྱལ་བསྟན་སྒྲོན་མེ་ཉམས་དམས་གྱུར་དུས་སུ།།
བར་ཆད་ཐོག་བརྫིས་མཛད་པའི་དཔའ་རྟགས་ལ།།
སྐྱེ་བོ་གཞན་ཀུན་ཡིད་སྨོན་འཆོར་བར་གྲགས།།
འཇིག་རྟེན་ཆོས་བརྒྱད་རྒྱ་རུ་མ་ཚུད་པས།།
སྦས་པའི་རྣལ་འབྱོར་ཚུལ་དུ་བཞུགས་མཛད་ཀྱང་།།
མཁྱེན་བརྩེའི་འོད་མདངས་མཛེས་པར་བཞད་པའི་ཚེ།།
རྣམ་མང་ཕྱོགས་ཀྱི་སྐྱེ་བོས་སྐྱབས་སུ་བསྟེན།།
སྟོང་སྐམ་ཆོ་ལོ་སྒྱུ་མའི་རྩེད་མོ་ཡིས།།
དམ་པའི་སྐྱེས་བུར་བཀུར་བ་ཙམ་མིན་པར།།
ཉམས་རྟོགས་ནོར་གྱིས་ནང་དུ་རབ་ཕྱུག་པ།།
ས་འདིར་དཀོན་པའི་རིན་པོ་ཆེ་དང་མཚུངས།།
སྐལ་ལྡན་བུ་ལ་གདམས་ངག་གནང་བའི་ཚེ།།
སྔོན་གྱི་རིག་འཛིན་གོང་མའི་རྣམ་ཐར་བཞིན།།
གཞན་ལ་གཉུག་མའི་རང་ཞལ་སྟོན་མཁས་གང་།།
ཀློང་ཆེན་ནམ་མཁའི་རྣལ་འབྱོར་གཉིས་པར་འཁུམས།།
དུས་མཐའི་ཉོན་མོངས་དགྲ་དཔུང་བཅོམ་སླད་དུ།།
སྔོན་གྱི་ཐུགས་སྨོན་དུས་སུ་སྨིན་པ་ལས།།
འཛད་མེད་ཟབ་མོ་གཏེར་གྱི་སྒོ་ཕྱེས་ནས།།
སྨིན་གྲོལ་དགའ་སྟོན་འགྱེད་ལ་བདག་ཡིད་རང་།།
བདག་ཅག་ཤུལ་ཏུ་ལུས་པའི་འགྲོ་བ་དག།
རྟག་འཛིན་སྒྱུ་མའི་བསླུ་བྲིད་ལས་སད་ཕྱིར།།
ཞི་བའི་དབྱིངས་སུ་མནལ་བ་ཐོས་པའི་མོད།།
ང་ཡི་མིག་ཟུང་མཆི་མས་དྲག་ཏུ་བརླན།།
དུས་ཀྱི་ཆུ་ཀླུང་རིང་མོ་རྒྱུ་བཞིན་དུ།།
བགྲང་ཡས་ལོ་ཟླའི་རླབས་ཕྲེང་མཆེད་ཟིན་ཀྱང་།།
ཁྱོད་ཀྱི་ཞལ་གསུང་རྡོ་རྗེའི་རོལ་མོ་ནི།།
ད་དུང་བདག་གི་ཡིད་ལ་སྙན་ཞིང་འཇེབས།།
གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས་གྱུར་ཀྱང་།།
མགོན་པོ་གང་གི་བརྩེ་བའི་ཞལ་རས་ཉིད།།
རྣམ་མང་གདུལ་བྱའི་སེམས་ཀྱི་མེ་ལོང་དུ།།
ཡང་དང་ཡང་དུ་འགོག་མེད་འཆར་བར་ངེས།།
ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར།།
མི་ཟད་གསང་བ་གསུམ་གྱི་ཟླ་བ་དཀར།།
འགྲོ་བའི་བསོད་ནམས་ཤར་གྱི་རི་བོའི་རྩེར།།
ཀུན་བཟང་སྤྱོད་པའི་ཚུལ་དུ་འཆར་བར་སྨོན།།
ཉིད་ཀྱི་ཐུགས་རྗེ་གཡོལ་བ་མེད་པ་དང་།།
བདག་གི་དད་འདུན་རྣམ་པར་དཀར་བའི་མཐུས།།
དགོངས་རྒྱུད་རྟོགས་པ་ད་ལྟ་ཉིད་འཕོས་ནས།།
གདོད་མའི་གོ་འཕང་མངོན་དུ་འགྱུར་བར་ཤོག།
ཅེས་བཀའ་དྲིན་ཅན་གྱི་བླ་མ་རིན་པོ་ཆེ་གར་གྱི་དབང་ཕྱུག་རྗེས་སུ་དྲན་པའི་ཚིག་འདི། དམ་པ་གང་གྱི་སློབ་འབངས་ཀྱི་གྲལ་དུ་གཏོགས་པ་ཨ་གནམ་ཐུབ་བསྟན་དུ་འབོད་པས་གུས་པས་སྦྱར་བའོ།།