མཐོ་རིས་ཞིང་ནས་གནམ་གྱི་སྲས་མོ་དེས།།
འཛམ་གླིང་མི་རྣམས་དགའ་བ་བསྐྱེད་པའི་སླད།།
རིན་ཆེན་ལྷ་རྫས་ས་ལ་གཏོར་བ་ལས།།
བཏུང་བའི་དྭངས་མ་ཇ་ཡི་མེ་ཏོག་བཞད།།
སྔོན་ཚེ་གནམ་བསྐོས་གོང་མ་རྒྱལ་པོ་དང་།།
ཁ་བ་རི་པའི་མི་ཆེན་རིམ་བྱོན་གྱིས།།
ཇ་འདི་འདོད་ཡོན་མཆོག་ཏུ་བཟུང་བ་དང་།།
ཕྱིས་སུ་ཡངས་པའི་ས་ཆེན་ཀུན་ལ་དར།།
སྟོབས་ལྡན་དབང་ཕྱོགས་ཉི་མའི་རྒྱལ་ཁབ་ཏུ།།
རིམ་གྱིས་ཇ་ཡི་སྲོལ་རྒྱུན་ཆེར་རྒྱས་ནས།།
ལུགས་གཞན་ལས་འཕགས་བསྐོལ་དང་འཐུང་ཚུལ་གྱི།།
སྤྲོས་བཅས་ཡིད་དུ་འོང་བའི་ཆོ་ག་བྱུང་།།
རབ་དཀར་གངས་ཀྱི་རི་བོ་ལས་བཞུར་བའི།།
ཡན་ལག་བརྒྱད་ལྡན་ཆུ་གཙང་བསྐོལ་བ་ལ།།
ཤར་ཕྱོགས་རྒྱ་ཡི་ཇ་ལོ་དྲི་ཞིམ་དང་།།
འབྲི་མོའི་འོ་མ་སྣོན་པ་འབྲོག་པའི་སྲོལ།།
བཅུ་ཕྲག་གནས་ལ་སྦྱངས་པའི་མཁས་མང་ཁྲོད།།
རབ་འབྱམས་ཤེས་བྱར་བགྲོ་གླེང་བྱེད་པའི་ཚེ།།
ཇ་ལ་སྦྲང་རྩི་བསྣན་ནས་བཞེས་མཛོད་དང་།།
མགྲིན་པའི་རྩ་མདུད་དཀའ་བ་མེད་པར་འགྲོལ།།
ཡིད་ཀྱི་མཚོ་མོར་སྐྱོ་རླབས་རབ་གཡོ་ཞིང་།།
གྲོགས་མེད་ཁེར་རྐྱང་གཅིག་པུར་ལྷག་བཞིན་དུ།།
སེམས་ཀྱི་གཅོང་ནད་ཁོང་ནས་ལྡང་བའི་ཚེ།།
འོ་ཇ་དཀར་པོ་མྱ་ངན་སངས་བར་ཕན།།
རྒྱང་རིང་ཡུལ་དུ་བཞུད་པའི་གྲོགས་པོ་དེ།།
དགྱེས་པའི་ཞལ་འཛོམས་དགའ་སྟོན་ལ་བྱོན་ཚེ།།
སེམས་ཀྱི་དུང་བ་ངག་གིས་བརྗོད་དཀའ་ཡང་།།
ཇ་ཞིག་དྲོངས་དང་ཡིད་སེམས་འདྲེས་པ་འོང་།།
ལུས་ཀྱི་འདུ་བ་འཁྲུགས་པས་ན་ཟུག་དང་།།
རྩ་རླུང་རྟེན་འབྲེལ་གོལ་བས་སེམས་འཚུབ་ཚེ།།
འཇམ་པོའི་གདན་ལ་ལྷོད་ལྷོད་ངང་བཞུགས་ནས།།
དྲི་ཞིམ་བཏུང་བར་རོལ་དང་བག་རེ་སྤྲོ།།
དགུན་གསུམ་གྲང་བས་ཆུ་ཀླུང་དར་གྱིས་གཡོགས།།
དུད་འགྲོ་ཕལ་ཆེ་རང་གི་མལ་དུ་ཉལ།།
ཤིང་ལོ་སྐམ་པས་ཡིད་སེམས་སྐྱོ་སྐབས་སུ།།
དྲོན་པོའི་ཇ་ལ་རོལ་དང་སྐྱིད་སྣང་འོང་།།
ས་དང་ཆུ་ཀླུང་རི་བོ་ནགས་ཚལ་དང་།།
བྲག་ལ་གནས་པའི་ལྷ་ཡི་ཐུགས་གནོད་ནས།།
མི་འདོད་འདྲ་མིན་ཆོ་འཕྲུལ་ཤར་བའི་ཚེ།།
བཟོད་གསོལ་རྫས་སུ་ཇ་ལས་ལྷག་པ་མེད།།
མེ་ཏོག་པད་མས་ཀུན་གྱི་ཡིད་དབང་འཕྲོག།།
སྙན་འཇེབས་རོལ་མོས་སྣང་བ་ཡ་མཚན་བསྐྱེད།།
ཇ་ཡིས་སེམས་ལ་བདེ་ཉམས་འབུམ་ཕྲག་འགུག།།
འཇིག་རྟེན་འདི་ན་རིན་ཆེན་རྣམ་གསུམ་སྣང་།།
ལག་ན་པུར་ཐོགས་ཤོག་གུ་དཀར་པོའི་ངོས།།
ཐག་རིང་མཛའ་མར་སྙན་ངག་འཕུལ་འདོད་ཀྱང་།།
ཚིག་གི་ཕྲེང་བ་ཅི་ཡང་མ་ཐོན་ན།།
གསོལ་ཇ་བཞེས་དང་བློ་ཡི་སྒོ་མོ་ཕྱེ།།
ཞིམ་པོའི་ཇ་ཡི་མཆོད་པ་རེ་ཕུལ་དང་།།
མཁས་པའི་ངག་ནས་རིགས་པའི་གསང་ཚིག་དང་།།
རྟོགས་ལྡན་ཞལ་ནས་གདམས་ངག་བླངས་སླ་ཞིང་།།
གཏམ་གྱི་ཆུ་བོ་ཆད་མེད་བཞུར་འོང་ངོ་།།
ནོར་དང་ལོངས་སྤྱོད་སྙན་གྲགས་མི་ལྡན་ཀྱང་།།
འདས་པའི་རྗེས་དཔྱོད་མ་འོངས་སྔོན་བསུ་སོགས།།
དགོས་མེད་རྣམ་རྟོག་གཡུགས་ནས་ཇ་གསོལ་དང་།།
གུ་ཡངས་བློ་བདེའི་ཉམས་ཀྱིས་སྐྱིད་འོང་ངོ་།།
ནང་དུ་རེ་དོགས་ཉམས་ཀྱི་སྤྲིན་འཁྲིགས་ནས།།
སྙིང་རླུང་སྟོད་ལ་འཚང་ཞིང་སེམས་རྒོད་ཚེ།།
དབུགས་རིང་དལ་བུར་རྔུབས་ནས་ཇ་གསོལ་དང་།།
སེམས་ཁྲལ་འཁྱག་རུམ་ཞི་བའི་དགེ་མཚན་ཆེ།།
རྒྱ་ནག་ཇ་ལ་ནད་སེལ་ནུས་པ་ལྡན།།
རྒྱ་གར་ཇ་ཡིས་ཕྱྭ་གཡང་བཀྲ་ཤིས་འགུག།།
ནུབ་གླིང་ཇ་ཡིས་ལུས་ཀྱི་སྟོབས་རྩལ་བསྲིང།།
ཇ་རིགས་སྣ་ཚོགས་འགྲོ་བ་མི་ཡི་གསོས།།
རི་བོའི་སུལ་དུ་རྣམ་གཡེང་ཀུན་སྤངས་ནས།།
ཏིང་ངེ་འཛིན་ལ་བདེ་བར་བཞུགས་པ་ཡི།།
རྣལ་འབྱོར་བ་ཡིས་ཞིམ་མངར་ཇ་བཞེས་པས།།
བྱིང་རྨུགས་འཐིབ་པའི་བར་ཆད་རེ་ཞིག་ཡལ།།
མི་ཆེན་བླ་མ་དཔོན་པོ་རྗེ་བོ་ལ།།
གུས་བཀུར་མཚོན་པའི་ལྷ་དར་དཀར་པོ་དང་།།
རོ་བཅུད་ཕུན་སུམ་ཚོགས་པའི་ཇ་ཕུལ་བས།།
ཐུགས་དགོངས་མཉེས་ནས་འདོད་དོན་འགྲུབ་པ་མང་།།
ཉམ་ཐག་སྟོབས་ཞན་ནོར་གྱིས་རབ་ཕོངས་ཤིང་།།
གཞན་གྱིས་དམན་སར་གཡུགས་པའི་མི་ཚོ་ལ།།
བྱམས་དང་ལྷག་བསམ་དཀར་པོས་ཇ་ཕུལ་བས།།
རང་གི་བསོད་ནམས་འཕེལ་བའི་དགོས་པ་ཡོད།།
གཟུགས་ལ་མཛེས་ལྡན་རིག་པ་རྣོ་བ་ཡི།།
ལང་ཚོ་ཅན་གྱི་གཞོན་ནུ་ཕོ་མོ་ཡིས།།
བརྩེ་དུང་གསེར་གྱི་མདུད་པ་བཅིངས་པ་ལ།།
གཡང་འཛོམས་ཇ་ཞིག་དྲོངས་དང་རྟེན་འབྲེལ་ལེགས།།
དོན་ཆེན་བསྒྲུབ་པར་ཕྱོགས་སུ་རྒྱུ་བ་ཡི།།
རང་ལ་མཛའ་བའི་མགྲོན་དང་འགྲུལ་པ་ལ།།
བཀྲ་ཤིས་རེ་ཁཱས་བརྒྱན་པའི་ཕོར་བ་རུ།།
རབ་མངར་ཇ་ཞིག་དྲོངས་དང་ཕྱྭ་རྣམས་འདུ།།
གངས་ཅན་སྣོད་བཅུད་སྲུང་བར་མངའ་གསོལ་བ།།
ཕ་མྱེས་སྐྱོང་མ་མགུར་ལྷ་བཅུ་གསུམ་ལ།།
དཀར་ཕྱོགས་དབུ་ཕངས་དགུང་ལ་འཕྱོ་སླད་དུ།།
འོ་ཞག་འཁྱིལ་བའི་ཇ་ཡི་མཆོད་པ་བསྟབ།།
བསྟན་པའི་བདག་པོ་རྒྱལ་བ་ཀློང་ཆེན་པ།།
མཁྱེན་བརྩེའི་བདག་ཉིད་འཇིགས་མེད་གླིང་པ་དང་།།
གྲུབ་པའི་དབང་ཕྱུག་བདུད་འཇོམས་གླིང་པ་ལ།།
ཇ་ཆང་བདུད་རྩིའི་མཆོད་པ་འདི་འབུལ་ལོ།།
བདེན་པར་སྣང་ཡང་རྨི་ལམ་དང་འདྲ་བ།།
ཡུན་ཐུང་འཇིག་རྟེན་མི་ཚེའི་ནང་རོལ་དུ།།
བདེ་བ་འབྱུང་ན་སྐྱིད་པའི་སྟོན་མོ་དང་།།
མི་འདོད་བབས་ཚེ་རང་སེམས་གསོ་ཕྱིར་བཞེས།།
དཀར་ནག་སེར་གསུམ་རྒྱ་ཡི་ཇ་ལོ་དང་།།
གངས་ཅན་བོད་པའི་འོ་ཇ་མངར་མོ་ལ།།
མཉམ་དུ་རོལ་པའི་སེམས་མཐུན་གྲོགས་པོའི་ཚོགས།།
ནམ་ཡང་མི་བརྗེད་སྙིང་གི་དབུས་ན་ཡོད།།
རིན་ཆེན་མི་ཡི་ལུས་འདི་རྙེད་དཀའ་ཡང་།།
སྐྱེས་ནས་འཆི་བར་སྡུག་བསྔལ་གྱིས་བཀང་བས།།
སེམས་ལ་ངལ་གསོ་སྟེར་བའི་བདུད་རྩི་འདི།།
སྤྱི་མཐུན་བསོད་ནམས་མཐུ་ལས་གྲུབ་པ་རྨད།།
ད་ནས་བཟུང་སྟེ་འཁོར་བ་མ་ཟད་པར།།
ཇ་དང་མེ་ཏོག་རོལ་མོས་དབེན་པ་ཡི།།
ཡུལ་དུས་གང་དུ་སྐྱེ་བར་མི་འགྱུར་ཞིང་།།
དགའ་བདེའི་དཔལ་ལ་རོལ་བའི་སྨོན་པ་འདེབས།།
ཞེས་བོད་གངས་ཅན་ཤར་གྱི་ཡུལ་གྲུ་ཆེན་པོ་ལྕགས་མོ་མགོ་ལོག་ཡུལ་ཏུ་རྩམ་པ་དང་འོ་ཇར་རོལ་ནས་འཚར་ལོངས་བྱུང་བའི་རྒྱལ་ཁམས་པ་ཨ་གནམ་ཐུབ་བསྟན་གྱིས་སྨྲས་སོ།།