ཀ་དག་ཁྲེགས་ཆོད་ལྟ་བའི་བརྡར་ཤ་ཞིག་བཅད་དེ།།
ལྷུན་གྲུབ་སྣང་བཞིའི་ལམ་ལས་འོད་སྐུ་རུ་གཤེགས་པས།།
རྒྱ་ཆེན་དོན་གཉིས་མངོན་རྫོགས་ངེས་དོན་གྱི་དཔའ་བོ།།
ཀུན་སྤངས་བླ་མ་ཆོས་དབྱིངས་ཕུན་ཚོགས་དེ་མཁྱེན་ནོ།།
མཐའ་དབུས་ཕྱོགས་མཚམས་བྲལ་བའི་ཁྱབ་བརྡལ་གྱི་སྟོང་དབྱིངས།།
བགྲེས་རྒུད་སྐྱོན་གྱིས་མ་གོས་རྟག་བརྟན་གྱི་ལང་ཚོ།།
སྲིད་པའི་རྒྱལ་མོ་ཨ་སྔོན་ནམ་མཁའ་འདི་མཐོང་ཚེ།།
ཡེ་ནས་བཞུགས་པའི་སེམས་ཉིད་ཆོས་སྐུ་དེ་དྲན་བྱུང་།།
འགྲོ་བའི་ཡུལ་མེད་ཕྱོགས་ཀུན་བག་ཡངས་སུ་རྒྱུ་ཞིང་།།
མི་བརྟན་སྣ་ཚོགས་རྣམ་པ་སྐད་ཅིག་གིས་འགྱུར་བའི།།
མཛེས་སྡུག་སྤྲིན་དཀར་ལང་ལོང་འཕྱོ་བ་འདི་མཐོང་ཚེ།།
སེམས་ཀྱི་འགྱུ་བ་རིག་པའི་རོལ་རྩལ་དུ་གོ་བྱུང་།།
ཉིན་གང་ཆད་མེད་བརྩོན་པའི་བྱ་བྱེད་ཚོ་བཞག་ནས།།
མཚན་མོའི་ཟླ་བ་དཀར་བོའི་འོད་ཟེར་གྱི་འོག་ཏུ།།
སེམས་ཀྱི་ཁུར་བོ་འདོར་བའི་དབུགས་རིང་ཞིག་འབྱིན་ན།།
རྩོལ་མེད་ཞི་བའི་ཏིང་འཛིན་རང་ཤར་དུ་སྐྱེ་འོང་།།
རབ་དཀར་གངས་རི་མཐོན་པོའི་ཕང་བ་ལས་འོངས་པའི།།
དྭངས་གཙང་ཡན་ལག་བརྒྱད་ལྡན་ཆུ་ཕྲན་གྱི་བཞུར་སྒྲར།།
མ་ཡེངས་རྣ་བ་གཏོད་དང་དྲི་ཟ་ཡི་རོལ་མོ།།
རྣལ་འབྱོར་ཐོལ་གླུ་གྱེར་བའི་རམ་འདེགས་སུ་བསྒྲགས་འདྲ།།
རྩེ་མོ་ཁ་བ་སྟུག་པོའི་ཐོར་ཅོག་གིས་སྤུད་ཅིང་།།
རྐེད་སྐབས་སྤངས་ལྗོངས་འཇམ་པོའི་ན་བཟའ་ཡིས་བཀླུབས་པ།།
འདབས་ཞོལ་བརྗིད་ཆགས་ནགས་ཀློང་ལྷ་ཡུལ་གྱི་དགའ་ཚལ།།
དབེན་པའི་རི་ལ་རང་སེམས་དབང་མེད་དུ་འཆོར་ཐལ།།
ཐོགས་རེག་བྲལ་བའི་ནམ་མཁའ་མཐོན་པོ་ཡི་དབྱིངས་སུ།།
གཤོག་རྩལ་ཀུན་ཚང་ཐང་དཀར་རྒོད་པོ་ཡི་གར་སྟབས།།
མཁའ་འགྲོའི་བྲོ་ལ་འགྲན་པའི་དགའ་སྟོན་དེ་ངོམས་པ།།
རིག་པ་རྗེས་མེད་གཉུག་མའི་ཡེ་ཤེས་ཀྱི་བརྡ་འོ།།
སྟེང་ཕྱོགས་ལྷ་ཡི་སྐྱེས་བཟང་སྦྲང་ཆར་གྱི་ལྷ་མོ།།
འཇམ་དཀར་ཉི་ཟེར་དཔའ་བོས་མཛའ་བརྩེ་ཡི་ཕྱག་རྒྱས།།
དལ་བུར་འཁྱུད་པའི་སྟོང་གཟུགས་འཇའ་ཚོན་གྱི་རི་མོ།།
ཚེ་གཅིག་འཇའ་ལུས་གཤེགས་པའི་རྟེན་འབྲེལ་དུ་བཀྲ་བྱུང་།།
ཉོན་མོངས་ཞེ་སྡང་ང་རྒྱལ་དྲི་མ་ཡི་མ་གོས།།
དགུན་གསུམ་སྒོམ་ལ་གཞོལ་བའི་རི་སྒང་གི་དྲང་སྲོང་།།
འཚེ་མེད་འཕྱི་བ་རྒད་པོ་རང་ཚང་དུ་ཉལ་བ།།
སྒོམ་ཆེན་པ་ཡི་རྡོ་རྗེའི་མཆེད་པོ་དང་འདྲ་འོ།།
ལྷན་སྐྱེས་ཞི་ཞིང་དུལ་བའི་དགེ་མཚན་གྱི་མཐུ་ལས།།
ཤ་ཁྲག་ཟས་ལ་ཡི་ག་དབང་མེད་དུ་འགག་ཅིང་།།
བཅུད་ལྡན་རྩ་ཆུར་རོལ་བའི་ཤྭ་བ་ཚོ་སྤྲོ་བཞིན།།
དལ་བུར་སྤངས་ལ་རྒྱུ་བའི་ངང་ཚུལ་འདི་སྐྱིད་པ།།
འགྲོ་བ་ཕལ་ཆེར་དྲན་མེད་གཏི་མུག་གི་གཉིད་ལ།།
ཤི་བའི་རོ་བཞིན་གནས་པའི་མུན་ནག་གི་ཀློང་དུ།།
རིག་སད་དབང་རྣོན་ཨ་ཁུ་འུག་པ་ཡི་རྒོད་སྒྲ།།
རྨོངས་སེལ་ཤེས་རབ་མཚོན་པའི་བཀྲ་ཤིས་ཀྱི་དབྱངས་སོ།།
དར་དཀར་ལྟར་དུ་འཇམ་པའི་ལྷན་སྐྱེས་ཀྱི་གཤིས་ཀ།
ལུས་ཅན་གཞན་ལ་འཚེ་བའི་ཀུན་སློང་དང་བྲལ་ཞིང་།།
དོན་མེད་སྨྲ་བ་ཉུང་བའི་བློ་ལྡན་གྱི་རི་བོང་།།
མཆོག་གསུམ་སྐྱབས་སུ་བསྙེན་པའི་དགེ་སྦྱོང་ཞིག་མིན་ནམ།།
རིག་པ་སྐྱེན་ཀྱང་གཡོ་སྒྱུའི་དྲི་མ་ཡིས་མ་གོས།།
འགྲོ་འདུག་མང་ཡང་ཡིད་སེམས་ལྷོད་མོ་རུ་གནས་ཤིང་།།
ཚིག་རྩུབ་བྲལ་བའི་གཏམ་བཟང་དུས་ཀུན་ཏུ་འབྱིན་མཁན།།
ཨ་ཅེ་སྐྱ་ག་ཁྲ་མོ་བྱོན་པ་དེ་ལེགས་བྱུང་།།
དུས་ཚིགས་བཞི་ཡི་འགྱུར་ལྡོག་ཚ་གྲང་གི་ཀློང་དུ།།
ཉམས་རྒུད་མེད་པའི་བཀྲག་ལྡན་སྤུ་མདངས་ཀྱི་ལང་ཚོ།།
མཛེས་པའི་རྒྱན་དུ་བསྟར་བའི་གངས་ཅན་གྱི་གོང་མོ།།
ལྷ་བྱ་ཞེས་པའི་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་ཡོད།།
སྟེང་ཕྱོགས་ལྷ་ཡི་དགའ་ཚལ་བབས་པ་དང་འདྲ་བའི།།
ལྟ་ན་རབ་སྡུག་སྤངས་ལྗོངས་མེ་ཏོག་གི་རྭ་བར།།
ཡིད་འོང་ཕྱེ་ལེབ་སྒེག་མོས་གཤོག་གུར་དེ་བསྒྱུར་ཚེ།།
བདེ་སྟོང་དབྱིངས་ཀྱི་རྒྱལ་མོའི་གར་སྟབས་དེ་དྲན་བྱུང་།།
བསོད་ནམས་ས་ཡི་ལྷ་མོའི་མུ་ཏིག་གི་རྒྱན་ཆ།།
སུས་ཀྱང་རྩོལ་བས་མ་བསྐྲུན་རང་བྱུང་གི་མཆོད་རྫས།།
རབ་མཛེས་ཚོན་མདངས་བརྒྱས་ཕྱུག་དཀར་དམར་གྱི་མེ་ཏོག།
རྩ་གསུམ་དཀྱིལ་འཁོར་དགྱེས་པའི་གཟིགས་མོ་རུ་མཆོད་དོ།།
མི་ཡིས་མ་བཟོས་ལྷ་ཤིང་ཤུག་ལོ་ཡི་ངད་བཟང་།།
ཕྱོགས་ཀུན་བསིལ་འཇམ་རླུང་གི་ཕོ་ཉ་ཡིས་ཁུར་ནས།།
རང་བྱུང་སྤོས་ཀྱི་ལེགས་སྐྱེས་བསྟབས་པ་ལ་རོལ་དང་།།
སྐྱོ་བསང་ཉམས་དགའི་སྣང་བ་བཅོས་མིན་རེ་མྱོང་འོང་།།
ལི་ཁྲིའི་མདངས་ལྡན་ནུབ་ཁའི་ཉི་མ་ཡི་འོད་ཟེར།།
ཕ་ཀིའི་རི་རྩེེར་འཁྱུད་པའི་རྩེད་འཇོ་ཡི་ལྟད་མོ།།
བལྟས་ཀྱིན་བལྟས་ཀྱིན་དགའ་སྐྱོའི་རྦ་རླབས་ཀྱི་ཕྲེང་བ།།
ཡིད་ཀྱི་མཚོ་མོར་གཅིག་རྗེས་གཉིས་མཐུད་དུ་མཆེད་སོང་།།
ཉོ་བཙོང་འགྲིམ་འགྲུལ་རྫོགས་མེད་འཇིག་རྟེན་གྱི་བྱ་གཞག།
ཇི་ལྟར་བསྒྲུབས་ཀྱང་འགྲུབ་པའི་ཉིན་མོ་ཞིག་མེད་ན།།
རེ་ཞིག་ཉམས་དགའི་རི་བོ་མཐོན་པོ་ཡི་སུལ་དུ།།
བསམ་གཏན་རོ་ལ་དགྱེས་པའི་ངལ་གསོ་རེ་གཏོང་རན།།
སྟོད་སྨད་རོང་འབྲོག་དད་ལྡན་ཕོ་མོ་ཡི་རེ་སྐོང་།།
བསྐྱེད་རྫོགས་སྙིང་བོས་དབེན་པའི་གཏོ་ཆོག་གི་འཚོ་བས།།
མི་ཚེ་སྟོང་ཟད་བྱེད་པའི་ཨ་མཆོད་ཅིག་འོང་ཡང་།།
དལ་འབྱོར་མི་ལུས་ཐོབ་པ་དོན་པོ་དེ་ཆུང་འདུག།
རབ་འབྱམས་རྒྱ་བོད་དབུ་ཚད་གྲུབ་མཐའ་ཡི་གཞུང་ལུགས།།
རྣམ་མང་སྔོན་བྱོན་མཁས་པའི་གསུང་རབ་ཚོ་བསླབས་ཀྱང་།།
མེད་ན་དེས་ཕུང་འོད་གསལ་ཆོས་ཉིད་ཀྱི་ལྟ་བ།།
ཉམས་སུ་མ་མྱོང་པཎྜི་ཏ་ཚོ་ཡང་འཁྲུལ་ལོ།།
ད་ནི་དམ་པ་གོང་མའི་རྣམ་ཐར་ལ་བསྙེགས་ནས།།
ཆོས་བརྒྱད་ཡོ་ལང་ཉུང་བའི་བག་ཕེབས་ཀྱི་དབེན་པར།།
འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་ངང་དུ།།
ཏིང་འཛིན་ཆུ་བོའི་རྒྱུན་ལ་ཉིན་མཚན་དག་འདའ་རོགས།།
གཡོ་མེད་སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཡི་ངང་དུ།།
ཅི་ཡང་མི་དམིགས་སྟོང་ཆེན་ནམ་མཁའ་ཡི་དཀྱིལ་ལ།།
དམིགས་གཏད་སྒྲོག་གིས་མ་གཅུན་ད་ལྟ་ཡི་རང་སེམས།།
མཉམ་པར་བཞག་པས་རྣམ་རྟོག་མདུད་རྒྱ་རྣམས་ཞིག་འགྲོ།
བདེ་སྡུག་ཡག་རྩོག་བཟང་ངན་འཁོར་འདས་ཀྱི་སྣང་བ།།
གང་ལས་ཤར་བ་བརྟགས་ཚེ་རང་སེམས་ལས་བྱུང་ཞིང་།།
སེམས་ཀྱང་བཙལ་བས་མ་རྙེད་གཞི་མེད་ཀྱི་གནས་སྟངས།།
དེ་ཡི་ཐོག་ཏུ་གནས་པ་བདེ་གཤེགས་ཀྱི་ལམ་མོ།།
བདག་ཅེས་བྱ་བ་མ་རིག་འཁྲུལ་བ་ཡི་རི་མོ།།
སྐྱེ་འཆི་བགྲེས་རྒུད་མདང་གསུམ་རྨི་ལམ་གྱི་ཆོ་འཕྲུལ།།
ཐམས་ཅད་དབྱིངས་སུ་བཤིག་པའི་གདམས་པ་ཡི་ཕ་ཕོག།
དྲིན་ལྡན་བླ་མའི་ཞལ་གསུང་ཁོ་ན་ལས་རྙེད་དོ།།
སེམས་ཅན་ཤེས་པ་གུ་དོགས་རྒྱ་ཁབ་ཀྱི་བུ་ག།
སངས་རྒྱས་དགོངས་པ་རྒྱ་ཆེ་ནམ་མཁའ་དང་འདྲ་ན།།
གློ་བུར་བྱིང་རྒོད་བློ་ཡི་འོབས་དོང་དུ་ཚུད་སྐབས།།
རིག་པའི་གསལ་ཆ་ཐོལ་བྱུང་ཉམས་གླུ་ཡིས་འདོན་འོང་།།
རྣམ་རྟོག་ཤར་ཚད་རིག་པའི་ཡོ་ལང་དུ་ཤེས་ནས།།
དགག་སྒྲུབ་བཅོས་མའི་བློ་ཡི་རྩོལ་བ་དེ་ལྷོད་ན།།
ཉོན་མོངས་ཐམས་ཅད་འབད་མེད་རང་གྲོལ་དུ་འགྲོ་བས།།
རང་བབས་བསམ་གཏན་ཆེན་པོ་སྙིང་དཀྱིལ་དུ་ཟུངས་ཤིག།
ཐེག་དགུའི་ཡང་རྩེ་ཨ་ཏི་རྫོགས་ཆེན་གྱི་ཆོས་འདི།།
ཚེ་འདིར་འཕྲད་པའི་དགའ་བ་འབུམ་ཕྲག་གིས་མྱོས་བཞིན།།
རང་རིག་ཀ་དག་ཆེན་པོའི་བཙན་རྫོང་ལ་གནས་ནས།།
གཏན་བདེ་གུ་ཡངས་བློ་བདེའི་ལོངས་སྤྱོད་ལ་རོལ་ཤོག།
ཅེས་གངས་ཅན་གྱི་ཡུལ་ནས་ཆོས་མ་བསམ་གཏན་སྒྲོན་མས་དབེན་པའི་ཁོར་ཡུག་གི་ཡོན་ཏན་བརྗོད་པའི་ལྟ་མགུར་ཅིག་རྩོམ་རོགས་ཞེས་བཀས་བསྐུལ་ངོར། བདག་པད་མ་ཆོས་ཉིད་རྡོ་རྗེའམ་ཡོངས་གྲགས་སུ་ཨ་གནམ་ཐུབ་བསྟན་དུ་འབོད་པས་རྒྱང་རིང་ཨ་རིའི་མཚོ་གླིང་ཧ་བ་ཡེ་ནས་ཕུལ་བའོ།།