དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

ལ་བརྩོན་པའི་འབྲས་བུ་མངོན་དུ་གྱུར་ཚེ་དཀྱིལ་འཁོར་གྱི་ལྷས་ཞལ་གཟིགས་པ་སོགས་ཕྱི་ནང་གསང་བའི་གྲུབ་རྟགས་ཀྱི་རྣམ་གྲངས་དང་། ཡོངས་གྲགས་སུ་བླ་མ་འདི་དང་འདིས་གྲུབ་རྟགས་བསྟན་སོང་ཟེར་བ་གཉིས་པོ་དོན་གྱི་གནད་སོ་གཅིག་ལ་བབས་པས། ཕྱི་མ་ལའང་བསྐྱེད་དང་རྫོགས་པའི་རིམ་པར་མངའ་དབང་བསྒྱུར་བའམ། སྣང་སེམས་གཉིས་མེད་དུ་རྟོགས་པའི་ལྟ་བ་ཀློང་དུ་གྱུར་བའམ། ཡང་ན་དམ་ཆོས་རྫོགས་པ་ཆེན་པོའི་སྒོ་ནས་ལམ་གྱི་རིག་པ་ཉམས་སུ་བླངས་ནས། གཞིའི་རིག་པ་མངོན་དུ་བྱས་པ་སོགས་ཀྱི་མཐུས། རིག་འཛིན་གོང་མ་རྣམས་ཀྱིས་གཞན་གྱི་རྒྱུད་ལ་དད་པ་དང་བ་འདྲེན་པའི་ཆེད་དུ་ངོ་མཚར་བའི་མཛད་འཕྲུལ་བསྟན་པ་རྣམ་ཐར་དང་ལོ་རྒྱུས་ཚད་ལྡན་རྣམས་སུ་གསུངས་ཀྱང་སྒྱུ་མ་མཁན་གྱིས་གཞན་གྱི་ཡིད་འཕྲོག་བྱེད་ཀྱི་མིག་འཕྲུལ་ལྟ་བུར་མི་གོ །བྱང་ཆུབ་ཀྱི་སེམས་དང་། ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་རྣལ་མ་རྒྱུད་ལ་མ་སྐྱེས་ཀྱང་། ཏིང་ངེ་འཛིན་དང་། རིག་སྔགས་བསྒྲུབས་ནས་བྱིས་པའི་བློ་ཅན་གྱི་སྐྱེ་བོ་བརྒྱ་སྟོང་མང་པོ་ཡ་མཚན་ཞིང་ཧང་སང་བར་བྱེད་ནུས་མཁན་ནི། དེང་སང་ཕྱི་རོལ་པའི་ནང་ལ་ཐོས་རྒྱུ་དང་། མཐོང་རྒྱུ་མི་ཉུང་བ་ཡོད་ཚོད་འདུག །དེས་ན་མིག་འཕྲུལ་ལྟ་བུའི་གྲུབ་རྟགས་རྫུ་འཕྲུལ་རེ་ངོམ་ནུས་ཀྱང་། རང་ཉིད་ཀྱི་སྙན་གྲགས་འཕེལ་ཞིང་། བཀུར་སྟི་དང་རྒྱུ་ནོར་རྒྱ་ཆེན་པོ་གསོག་པར་ཕན་པ་ཙམ་ལས། རང་གཞན་གཉིས་ཀའི་རྒྱུད་འདུལ་བར་མི་ཕན། སྔོན་ཝ་ར་ཎ་སིར་རྒན་མོ་ཞིག་གིས་རང་ཉིད་སྟག་ཏུ་བསྒོམས་ནས། བར་སྐབས་ཞིག་ན་མི་ཀུན་གྱིས་མོ་སྟག་ཏུ་མཐོང་བས་བྲོས་པས་གྲོང་ཁྱེར་སྟོང་པར་བཤད་པ་དེའང་འཇིག་རྟེན་པའི་གྲུབ་རྟགས་ཤིག་ལོས་ཡིན། ཡང་མུ་སྟེགས་པ་འགའ་རེས་དབེན་གནས་བསྒོམས་པས། དབེན་གནས་མངོན་སུམ་དུ་གྲུབ་ནས་གཞན་གྱིས་མིག་གིས་མཐོང་མི་ནུས་པར་གྱུར། མུ་སྟེགས་པ་འགའ་རེས་ནམ་མཁའ་བྲག་ཏུ་བསྒོམས་ནས། དེ་བྲག་དངོས་སུ་གྱུར་ནས་ལུས་ཐོགས་པར་གྲགས། འདི་དག་ཀྱང་མཐུ་ནུས་ངོ་མཚར་བའི་གནས་ཡིན་ཡང་འཁོར་བ་ལས་གྲོལ་བར་ཕན་པ་ཅི་ཡང་མེད། སྔོན་ཕ་དམ་པ་བོད་ཡུལ་དུ་བྱོན་པའི་ལམ་ཁར་བལ་ཡུལ་དུ་བོད་ཀྱི་བཙུན་པ་དགེ་བཤེས་དངོས་གྲུབ་སྙིང་པོ་བྱ་བ་རྒྱ་གར་དང་བལ་ཡུལ་དུ་རྫུ་འཕྲུལ་སློབ་པར་སླེབས་པ། ཆུ་ཤིང་གི་འཁར་བ་ལ་སེམས་ཅན་མང་པོའི་གཟུགས་སྣ་ཚོགས་བཀོད་ནས་བཟུང་བ་ཞིག་དང་འཕྲད་ནས་མཉམ་དུ་འགྲོགས་ཚེ། ཁོང་གིས་བོད་བཙུན་ལ། ཁྱོད་ཀྱིས་འཁར་བ་དེས་ཅི་བྱེད། དེ་མུ་སྟེགས་ཀྱིས་རྫུ་འཕྲུལ་བྱེད་པའི་ལག་ཆ་ཡིན། ངས་ཀྱང་ཤེས་ཏེ་དགོས་པ་མེད། ཁྱོད་ཀྱིས་བོད་རྣམས་མི་བསླུའམ། འདིར་ཐོངས་དང་གསུངས་ནས་པུས་མོ་ལ་བླངས་ཏེ་བཅག་པའི་ལོ་རྒྱུས་ཡོད། འོ་ན་དོན་གྱི་གྲུབ་རྟགས་དེ་གང་ཡིན་ཟེར་ན། རིག་འཛིན་ཆེན་པོ་བདེ་གཤེགས་གླིང་པའི་གཅོད་ཡིག་ལས། མཁའ་འཕུར་རྡོ་བཅང་གྲུབ་རྟགས་མི་དགོས་ཏེ༔ སྐྱེ་བར་འཁྲུལ་གཞི་ཉོན་མོངས་དུག་ལྔའི་རྡོ༔ ངེས་དོན་སྙིང་པོས་བཅིར་ན་གྲུབ་རྟགས་ཡིན༔ བསྟོད་སྨད་དགའ་སྡུག་ཞེན་ཆགས་ཕྱོགས་ལྷུང་མཁར༔ ཞེན་མེད་རིག་སྟོང་འཕུར་ན་གྲུབ་རྟགས་ཡིན༔ ཞེས་གསལ་བར་གསུངས་པ་དོན་ལ་གནས་པའི་རྡོ་རྗེའི་ཚིག་བསླུ་བ་མེད་པར་གནས་སོ། །གཉན་སར་དང་པོ་འགྲོ་བའི་དུས་ནི་མཚན་མོ་བཟང་སྟེ། མཚན་མོར་དུད་ཁྲོད་སོགས་གཉན་སར་འགྲོ་ཚེ། སྔར་གྱི་རྣམ་རྟོག་གི་བག་ཆགས་མང་པོ་ཡར་ལངས་ནས། སྐྱོ་སེམས་དང་འཇིགས་སྣང་། ལྷ་འདྲེའི་སྣང་བ་མ་ངེས་པ་སྣ་ཚོགས་འཆར། སེམས་ལྷོད་དུ་མི་གནས་པར་རླུང་འཚུབ་པ་དང་ས་འགུལ་བ་ལྟར་འུར་འུར་ཟང་ཟིང་དུ་འགྱུར་འོང་། གཉན་སར་འགྲོ་བར་ཆས་ཙ་ན། སྔ་གནོན་གྱི་དམིགས་པ་ལ་འཇུག་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། སྔ་མ་སྔ་རུ་མ་གནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲ། །ཞེས་གསུངས་ཏེ། དང་པོ་ཉིད་ནས་ལྷ་འདྲེ་ཟིལ་གྱིས་མ་གནོན་ན་ཕ་རོལ་གྱི་དགྲ་ལ་བྱ་ཤོར་ནས་དེ་དག་ཡུལ་གཞན་དུ་བྲོས་པའམ། ཐབས་སྣ་ཚོགས་ཀྱིས་གཡུལ་ལས་རྒྱལ་བར་བྱེད་པ་དང་མཚུངས། དཔེར་ན་གཡུལ་དུ་ཆས་ཚེ་དགྲའི་དཔུང་དང་གདོང་མ་ཐུག་གོང་ནས་མཚོན་ཆ་རྣམས་ལེགས་པོར་འཛོམས་པ་དང་། རང་ལ་དཔའ་སྤོབས་མཐོན་པོ་དགུང་ལ་རེག་པ་བསྐྱེད་ན། གཡུལ་ལས་རྒྱལ་ཤས་ཆེ་ཞིང་། དེ་དག་མ་འཛོམས་ན་གཡུལ་དུ་ཕམ་ཉེན་ཆེ་བ་ལྟ་བུའོ། །དེ་ནི་ཆོས་ཉིད་ཀ་དག་ཆེན་པོའི་ལྟ་བའི་རྫོང་དུ་གནས་ནས། ལྷ་འདྲེ་ཙམ་མ་ཡིན་པར་སྣང་ཞིང་སྲིད་པའི་ཆོས་མཆིས་སོ་ཅོག་བདག་གི་སེམས་ཀྱི་ཆོ་རོལ་ཙམ་ཡིན་པས། དབང་དུ་བསྡུ་མི་ནུས་པ་དང་ཟིལ་གྱིས་གནོན་མི་ནུས་པ་གཅིག་ཀྱང་མེད་དོ་སྙམ་པའི་གདེང་དང་བཅས། ཕཊ་ཅེས་བརྗོད་མ་ཐག་ཏུ། རང་གི་སྙིང་ག་ནས་སྲ་ཞིང་བརྟན་ལ་ལྕི་ཞིང་འཐས་པའི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་མེ་དཔུང་འབར་བ་ཞིག་འཕྲོས་ནས། གང་དམིགས་པའི་གཉན་སར་གློག་ལྟར་མྱུར་བར་འཁྱུག་ནས་ཐོག་ལྟར་བབས་པ་ན། དེར་གནས་ཀྱི་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་ཆེ་ཆུང་དང་དྲག་ཞན་མེད་པར་ཐམས་ཅད་འབྲོ་མི་ནུས་པར། ཉེས་ཅན་བཙོན་རྭར་ཚུད་པ་ལྟར་གནས་པར་གྱུར་པར་བསྒོམས་ཏེ། འགྲོ་ལུགས་རྣམ་པ་བཞི་གང་རུང་གིས་དེར་བསྐྱོད་པར་བྱ། འགྲོ་ལུགས་རྣམ་པ་བཞི་ནི། དཔའ་བོའི་འགྱིང་སྟབས་ཀྱི་འགྲོས། མཁའ་འགྲོ་མའི་གར་འགྲོས། སྦྲུལ་ནག་གི་འཁྱིལ་འགྲོས། ལྟ་བའི་གདིང་འགྲོས་རྣམས་སོ། །དང་པོ་ལ། ས་ཕྱོགས་དེར་གནས་པའི་ལྷ་འདྲེ་ཀླུ་གདོན་ཐམས་ཅད་རང་དབང་སྤུ་ཙམ་མེད་པར་རྫི་བོས་ཕྱུགས་འདེད་པ་དང་། རླུང་གིས་ཤོག་བུ་འདེད་པ་ལྟར་དུ་བསམ་བཞིན་དུ་འགྲོ། གཉིས་པ་ལ། གར་སྟབས་ཀྱིས་འགྲོ་བཞིན་དུ། ལྷ་འདྲེ་དེ་དག་རང་གི་ལུས་ལ་ཡང་ཡང་ཐིམ་པར་བསམ། གསུམ་པ་ལ། ཕར་འཁྱོག་ཚུར་འཁྱོག་དུ་བསྐྱོད་བཞིན་དུ། ལམ་གྱི་གཡས་གཡོན་དུ་གནས་པའི་ལྷ་འདྲེ་ཐམས་ཅད་གབ་ས་དང་ཡིབ་ས་མེད་པར་གཅིག་རྗེས་གཉིས་མཐུད་དུ་ཕར་དམིགས་པའི་གཉན་སར་འདེད་པར་བསམ། བཞི་པ་ལ། ལམ་གྱི་སྟེང་འོག་དང་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་ལྷ་འདྲེ་ཐམས་ཅད་ལྟ་སྟངས་ཀྱིས་ཟིལ་གྱིས་གནོན་ཞིང་། དེ་ཚོ་འབྲོས་པའི་རྩལ་དང་རྒོལ་བའི་བློ་མེད་པར་བག་འཁུམས་ནས་གྲང་ངར་གྱིས་བཏབ་པ་བཞིན་དུ་ལུས་འདར་ཤིག་ཤིག་ཏུ་བྱེད་པར་བསམ་ནས་འགྲོ་བའོ། །བར་གནོན་ནི། རིན་ཆེན་ཕྲེང་བ་ལས། བར་མ་བར་དུ་མ་ལོན་ན། །དཔའ་བོའི་ལག་གི་མཚོན་ཤོར་འདྲ། །ཞེས་གསུངས་པས། བར་གནོན་མ་བྱས་ན་སྙིང་སྟོབས་ཆེ་ཞིང་ལུས་ཀྱི་རྩལ་རྫོགས་པའི་དཔའ་བོ་དེ་གཡུལ་འགྱེད་སར་སླེབས་པ་ན། གློ་བུར་དུ་སྟབས་མ་ལེགས་པར་མཚོན་ཆ་ཐང་ལ་ལྷུང་བ་འམ་གཞན་གྱིས་ཕྲོག་ནས་ཕམ་ཉེན་འབྱུང་བ་ལྟ་བུ་ཡིན་པས། བར་གནོན་བྱ་བ་ལ། རང་ཉིད་སྐད་ཅིག་གིས་ད་ལྟའི་གདོས་བཅས་ཀྱི་ཕུང་པོ་ལས་མ་གྲུབ་པ། མཚོ་ནང་གི་གཟའ་སྐར་དང་། མེ་ལོང་གི་ནང་གི་གཟུགས་བརྙན་ལྟར་དུ་སྣང་ལ་རང་བཞིན་མེད་པའི་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་ཡི་བོངས་རིའི་རྒྱལ་པོ་རི་རབ་ལས་ཆེ་བས་བདག་གི་སྣང་བ་ཆེན་པོའི་ཀློང་དུ་བརྟན་གཡོ་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་རྩོལ་མེད་དུ་བསྡུ་ནུས་པ། ཆགས་མེད་བདེ་བ་ཆེན་པོ་སོར་རྟོགས་ཡེ་ཤེས་མཚོན་བྱེད་དུ་མདོག་དམར་ནག་གི་འོད་མདངས་འཚེར་བ། སྐུ་སྟོད་གཟུགས་མེད་ཁམས་སུ་ཟུག་པ། སྐུ་རྐེད་དེ་གཟུགས་ཁམས་ན་འགྱིང་བ། སྐུ་སྨད་འདོད་ཁམས་ན་བརྗིད་པར་བཞེངས་པ། སྐུ་གསུམ་མཚོན་བྱེད་ཀྱི་སྤྱན་གསུམ་གྱིས་ཞལ་རས་བརྒྱན་པ། བདེ་སྟོང་འགྱུར་བ་མེད་པའི་གར་སྟབས་བསྒྱུར་བས་སྲིད་གསུམ་སྐད་ཅིག་གིས་དབང་དུ་བསྡུ་ནུས་པ། ཕྱག་གཡས་ཀྱིས་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ་མི་ལྤགས་ཀྱི་གཡང་གཞི་དགུང་ལ་འཕྱར་ཞིང་། ཕྱག་གཡོན་པས་རིགས་དྲུག་གི་སེམས་ཅན་རྣམས་མ་རིག་པའི་གཉིད་ལས་སློང་བའི་བརྡར་མི་རྐང་འབུད་པའི་སྒྲས་ས་གསུམ་འདར་ཤིག་ཤིག་ཁད་བྱེད་པ། སྐུ་ལ་འཁོར་བའི་རྩ་བ་རྣམ་རྟོག་རྣམས་གཅོད་པའི་བརྡར་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། བྱང་ཆུབ་ཕྱོགས་ཀྱི་ཡོན་ཏན་མཐའ་དག་རྫོགས་པའི་བརྡར་ཐོད་པ་རྐམ་པོ་ལྔས་དབུ་བརྒྱན་པ་ཞིག་ཏུ་བསྐྱེད། དེ་ནས་རིགས་ལྔའི་མཁའ་འགྲོ་མ་དཀར་སེར་དམར་ལྗང་སྔོན་པོའི་མདོག་ཅན་དཔག་ཏུ་མེད་པ་ཤར་ཞིང་། དེ་དག་གིས་ལྷ་འདྲེ་བདུད་བགེགས་རྣམས་ཀྱི་མགོ་ལ་རྡོ་རྗེའི་བྲོ་བརྡུང་བར་བསྒོམ་ན། དོན་དུ་གནས་ཟིལ་གནོན་དང་། བདག་ཟིལ་གནོན། ལྷ་འདྲེ་ཟིལ་གནོན་གསུམ་ཚང་ངོ་། །ཟིལ་གནོན་གསུམ་ནི་གཉན་ས་གཅོད་པར་མེད་དུ་མི་རུང་བ་ལྟ་བུ་ཡིན་ཏེ། གནས་ཟིལ་གནོན་གྱིས་ཐ་མལ་པའི་ཞེན་རྟོག་མི་འཇུག་པ་དང་། ལྷ་འདྲེ་ཟིལ་གནོན་གྱིས་དེ་དག་དབང་དུ་བསྡུ་ནུས་པ། བདག་ཟིལ་གནོན་གྱིས་སྣང་སྲིད་བདེན་མེད་དུ་སེམས་ཀྱི་ཆོ་རོལ་དང་། སེམས་ཀྱང་གཞི་མེད་རྩ་བྲལ་དུ་ངོ་ཤེས་པའི་དགོས་པ་ཡོད་དེ། ཚོམས་ལས། གཞི་རྩ་མེད་པའི་ཆོས་ཉིད་ཀྱིས། །རང་གི་འཛིན་པ་ཟིལ་ནོན་ཏོ། །དེས་ན་བདུད་རྣམས་ཟིལ་གྱིས་གནོན། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་གསུངས། གཉན་ས་དེ་རུ་གཞི་བཟུང་ནས་ས་དེ་ཉིད་དུ་བདུད་བཞི་གཅོད་པར་དམ་བཅས་ཏེ། ཕྱི་ནང་གསང་བའི་ཆོ་འཕྲུལ་ཅི་བྱུང་ཡང་། གཉན་ས་དེ་ལས་གཞན་དུ་མི་བྱོལ་བར། སྔོན་ཚེ་བདག་ཅག་གི་སྟོན་པ་མཆོག་གིས་བྱང་ཆུབ་ཤིང་དྲུང་དུ། སྟན་འདིར་བདག་གི་ལུས་ནི་སྐམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའ་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅས་ནས་སྟན་ཐོག་གཅིག་ཏུ་སངས་རྒྱས་པའི་ཚུལ་བསྟན་པ་དང་མཐུན་པར། ཆོས་ཉིད་ཀྱི་ལྟ་བ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལས་ཅུང་ཙམ་ཡང་མི་གཡོ་བར་གནས་པ་གལ་ཆེ་ཡི། ལྟ་ཐོག་ནས་དྲན་པ་ཤོར་ན། ཆོ་འཕྲུལ་གྱི་དབང་དུ་གྱུར་ནས་བར་ཆད་སྣ་ཚོགས་པ་འབྱུང་བར་འགྱུར། དེའི་ཕྱིར་ན་གཉན་སར་བསྡད་ཚེ། ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ཐམས་ཅད་དུ་དྲན་ཤེས་མ་འཆོར་བའི་སྒོ་ནས། ཆོས་ཉིད་ཀྱི་ལྟ་བའི་ངང་ལ་དུས་རྒྱུན་དུ་གནས་པར་བྱའོ། །འོན་ཀྱང་དུར་ཁྲོད་སོགས་ཕྱིའི་གཉན་སར་འགྲིམས་ཀྱང་རུང་། མ་འགྲིམས་ཀྱང་། ཡུལ་གང་དུ་འགྲོ་ཡང་གཉན་སའི་འདུ་ཤེས་བཟུང་ནས། རང་རྒྱུད་ན་གནས་པའི་རྣམ་རྟོག་གི་ལྷ་འདྲེ་གང་བྱུང་ཡོད་ཚད་ཆོས་ཉིད་སྐྱེ་མེད་ཀྱི་ཀློང་དུ་གཅད་དགོས། རང་ཉིད་ཕྱིའི་དུར་ཁྲོད་དམ་ལུང་སྟོང་དུ་ཉིན་ཞག་ཁ་ཤས་ལ་གཉན་ས་གཅོད་པར་ཕྱིན་ནས། ཉམས་ཡ་མཚན་པ་རེ་བྱུང་བ་ལ་བརྟེན་ནས། རང་རྒྱུད་ན་གནས་པའི་ཉོན་མོངས་རྣམ་རྟོག་གི་འདྲེ་བདུད་ཐམས་ཅད་བཏུལ་ཚར་རོ་མི་སྙམ་པར། དུས་རྟག་ཏུ་དྲན་ཤེས་མ་ཉམས་པའི་སྒོ་ནས་བདུད་བཞི་པོ་གང་ལང་ན་སྡོད་ས་དེ་ཉིད་དུ་གཅད་པར་བྱའོ། །གཉིས་པ་སྐྱབས་སེམས་ནི།

རང་སྣང་འོད་གསལ་མདུན་མཁར་པད་ཉིའི་སྟེང༔
གཅོད་ཡུལ་རྩ་བརྒྱུད་སྤྲིན་ཕུང་གཏིབས་བཞིན་གསལ༔
སྐྱབས་ཀྱི་ངོ་བོ་སྐུ་གསུམ་ཐུགས་རྗེའི་མདངས༔
རང་ངོར་སད་པ་མ་ཅིག་ལབ་སྒྲོན་ལ༔
སྐྱབས་སུ་མཆིའོ་འགྲོ་ཀུན་སྡུག་བསྔལ་ལས༔
སྐྱོབ་པར་སེམས་བསྐྱེད་གཉིས་འཛིན་ཞིག་པར་ཤོག༔

ཅེས་པ་སྟེ། མ་དག་གཉིས་སྣང་གི་རྡུལ་གྱིས་ཡོངས་སུ་དག་པའི་རང༷་སྣང༷་དྲི་མེད་འོད༷་གསལ༷་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་མཚོན་བྱེད་རང་གི་མདུན༷་གྱི་ནམ་མཁར༷། བདེ་སྟོང་ཟུང་འཇུག་མཚོན་པའི་པད༷་ཉིའི༷་གདན་སྟེང༷་རྣམས་སུ། བཀའ་གཏེར་ཟུང་གིས་བསྡུས་པའི་གཅོད༷་ཡུལ༷་རྩ༷་བ་དང་བརྒྱུད༷་པའི་བླ་མ་རྣམས་སྤྲིན༷་ཕུང༷་གཏིབས༷་པ་བཞིན་དུ་གསལ༷་ནས། ཁྱད་པར་དུ་སྐྱབས༷་གནས་ཀུན་འདུས་ཀྱི༷་ངོ༷་བོ༷་སྟེ། གཞིར་གནས་དོན་གྱི་སྐུ་གསུམ་རིག་པ་དབྱེར་མེད་པ་ནང་གསལ་ཡེ་ཤེས་ཆེན་པོའི་མ་འགག་པའི་ཐུགས་རྗེའི་རང་མདངས་དེ་ཉིད་ཤེལ་ལས་འོད་འཕྲོས་པ་ལྟར་དུ་ཕྱི་གསལ་སྒྱུ་འཕྲུལ་གྱི་སྣང་བ་མཐའ་ཀླས་པ་ཉིད། རྩོལ་བྲལ་སྐྱེ་བ་མེད་པའི་དབྱིངས་ཆེན་པོར་རང་བྱུང་གི་རིག་པའི་གདངས་སུ་རང༷་ངོར༷་སད༷་པ༷། ཀ་དག་རང་བྱུང་གི་རིག་པའམ། ཡེ་ནས་རང་གྲོལ་ཟག་མེད་ཤེས་རབ་ཆེན་པོའི་བདག་ཉིད་ཆོས་སྐུའི་བླ་མ་དང་ངོ་བོ་གཅིག་པའི་མ༷་ཅིག༷་ལབ༷་ཀྱི་སྒྲོན༷་མ་ལ༷། དེང་ནས་བཟུང་སྟེ་མི་འགྱུར་ཀ་དག་གདོད་མའི་རྒྱལ་སར་མ་སླེབས་བར་དུ་སྙིང་ཐག་པ་ནས་སྐྱབས༷་སུ༷་མཆིའོ༷་ཞེས་སྙམ་ཞིང་། རང་གནས་ཆོས་སྐུའི་རང་ཞལ་མ་མཐོང་བའི་དབང་གིས་མུ་མེད་པའི་འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་ཁམས་གསུམ་རིགས་དྲུག་གི་འགྲོ༷་བ་ཆུ་ཟླའི་རི་མོ་ལྟ་བུ་ཀུན༷། མེད་བཞིན་དུ་སྣང་བའི་སྡུག༷་བསྔལ༷་གྱི་རྒྱ་མཚོ་ལས༷་སྐྱོབ༷་པར་སེམས༷་བསྐྱེད༷་པར་བགྱི་ན། མི་རིང་བར་ད་ལྟ་ཉིད་དུ་རང་གཞན་ཀུན་གྱི་རྒྱུད་ལ་ཞུགས་པའི་གཉིས༷་འཛིན༷་གྱི་འཁོར་ལོ་དེ་ཉིད་དམིགས་མེད་ཀ་དག་དོན་གྱི་རྫོགས་པ་ཆེན་པོའི་ཀློང་དུ་ཞིག༷་པར་ཤོག༷་ཅིག་ཅེས་པའི་དོན་ནོ། །དེ་ལ་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་སུ་དབྱེ་བ་ལས། དང་པོ་སྐྱབས་འགྲོ་ནི། ཐེག་པ་ཆེན་པོ་སྤྱིའི་གཞུང་ལྟར་ན་ཁམས་གསུམ་ན་གནས་པའི་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ན་ཡེ་ཐོག་མ་མེད་པ་ནས། མེ་ཡི་རང་བཞིན་ཚ་བ་དང་། ཆུ་ཡི་རང་བཞིན་བརླན་པ་ཡིན་པ་དང་མཚུངས་པར་བདེ་བར་གཤེགས་པའི་སྙིང་པོ་རང་ཆས་རྒྱུ་མེད་རྐྱེན་མེད་དུ་ལྷུན་གྱིས་གྲུབ་ཅིང་། དེ་འདུས་མ་བྱས་ཡིན་པས་ཐོག་མ་དང་ཐ་མ་མེད་པ། རྒྱུ་གང་གིས་མ་བསྐྱེད་ལ་རྐྱེན་གང་གིས་མ་བསླད་པ། ཀུན་གྱི་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་ཀྱང་། གློ་བུར་གྱི་དྲི་མའི་ཡོལ་བས་བསྒྲིབས་ནས། རེ་ཞིག་འཁོར་བ་རང་སྣང་རྨི་ལམ་ལྟ་བུའི་གནས་སུ་བདག་མེད་པ་ལ་བདག་ཏུ་འཛིན་བཞིན་དུ་ཡུན་རིང་དུ་ཉུལ་བ་ཡིན་ཏེ། མདོ་སྡེ་ཀུན་བཏུས་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་