དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

ཕྱིར་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས། ཐེག་པ་ཆེན་པོའི་མདོ་སྔགས་གཉིས་ཀས་དགོངས་པ་གཅིག་དང་དབྱངས་གཅིག་གིས་སེམས་ཀྱི་རང་བཞིན་དེ་ཉིད་ནི་འོད་གསལ་བར་བཞེད་མོད་ཀྱང་། གསང་སྔགས་རྡོ་རྗེའི་ཐེག་པའི་ལུགས་ལ་སེམས་ཅན་ཐམས་ཅད་མ་གྲོལ་བའི་སྔོན་དུ། ཀུན་རྫོབ་ཀྱི་སྐབས་སུའང་དོན་དུ་ཡེ་ནས་སངས་རྒྱས་སུ་གནས་པ་རྩལ་དུ་བཏོན་ནས་བཞེད་པས། རྒྱུད་ལས། མདོ་ཡི་ཐེག་པའི་ལུགས་ལ་ནི། །སེམས་ཅན་སངས་རྒྱས་རྒྱུ་རུ་བཞེད། །སྔགས་ཀྱི་ཐེག་པའི་ལུགས་ལ་ནི། །སེམས་ཅན་སངས་རྒྱས་ཉིད་དུ་བཞེད། །ཅེས་གསུངས། མདོ་ཡི་ལུགས་ལ་གཞི་བདེ་བར་གཤེགས་པའི་སྙིང་པོ་དེ་སེམས་ཀྱི་ཆོས་ཉིད་ཙམ་དུ་གསལ་བར་གསུངས་ཀྱང་། གསང་བ་སྔགས་སུ་རྩ་རླུང་ཐིག་ལེ་སོགས་ལུས་ཀྱི་རྣམ་གཞག་རྒྱ་ཆེར་བཀྲལ་ནས། རང་རེ་ཅག་གི་ལུས་ལ་ད་ལྟ་ཉིད་དུ་ཆོས་སྐུའི་རིག་པ་མདངས་མ་ཉམས་བཀྲག་མ་ཡལ་བར་བཞུགས་པའི་ཚུལ་གསལ་བར་བསྟན་པས་ཁྱད་པར་འཕགས་པ་ཡིན་ཏེ། སམ་བུ་ཊིའི་རྒྱུད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་ཆོ་ག་དག །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་གསུངས། རྒྱུད་སྡེ་དང་སྔགས་ཀྱི་བསྟན་བཅོས་ཚད་ལྡན་དག་ལས་ད་ལྟའི་སྐད་ཅིག་རང་ག་མ་འདི་ལ། བཅས་བཅོས་དང་དགག་སྒྲུབ་ཀྱི་རྩོལ་བའི་སྣོན་འཕྲི་གང་ཡང་མི་དགོས་པར། རང་ཅག་གི་སྙིང་ག་ཆོས་ཀྱི་ཕོ་བྲང་དུ། ཀུན་རྫོབ་རྒྱུ་ཡི་ཐིག་ལེའི་རྟེན་ལ། བརྟེན་པ་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གཞི་བདེ་བར་གཤེགས་པའི་སྙིང་པོ་རིག་པ་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་བཞུགས་ཡོད་པར་ཡང་དང་ཡང་དུ་བསྟན་པ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཡེ་ཤེས་ཟག་མེད་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོགས་ཀྱིས་ཤེས་སླ། དེ་ལྟར་དུ་རང་རེ་ཅག་ཐོག་མ་མེད་པ་ནས་ངོ་བོའི་ཆ་ནས་སངས་རྒྱས་ཡིན་པ་ལ། རེ་ཞིག་སེམས་ཀྱི་ཆོས་ཉིད་མ་རིག་པ་དང་ཉོན་མོངས་པའི་ཚོགས་ཀྱིས་བསྒྲིབས་ཀྱང་། སྒྲིབ་པ་དེ་དག་ནི་སེམས་ཀྱི་གཤིས་ལ་ཞུགས་མེད་པས་དགེ་བའི་རྐྱེན་དང་ཕྲད་ཚེ་འབྲལ་རུང་ཡིན་པས། དཔེར་ན་རིན་པོ་ཆེའི་མེ་ལོང་རྡུལ་གྱིས་གཡོགས་ནས་ཕྱིའི་གཟུགས་བརྙན་མཛེས་མའི་བྱད་རིས་ཉིད་ཤར་མི་ནུས་ཚེ། མེ་ལོང་དེའི་ངོ་བོ་ཅུང་ཙམ་མ་འགྱུར་བས་ངན་དུ་མ་སོང་ཡང་། དེའི་ངོས་རྡུལ་གྱིས་བཀབ་པས་རེ་ཞིག་གདོང་བྱད་སོགས་དེའི་ནང་དུ་འཆར་མི་ཐུབ་པ་ཡིན་པས། ནམ་ཞིག་མི་ཞིག་གིས་གོས་དར་གྱིས་རྡུལ་དག་ཕྱིས་པ་ན། སླར་ཡང་མཛེས་མའི་གཟུགས་བརྙན་བཀྲ་བ་དང་མཚུངས་པར། མེ་ལོང་ནི་སེམས་ཉིད་འོད་གསལ་བ་སྟེ་རང་བཞིན་རྣམ་དག་གི་སངས་རྒྱས་དང་། རྡུལ་ནི་གློ་བུར་གྱི་དྲི་མའི་སྒྲིབ་པ་དང་། རྡུལ་ཕྱིས་ཚར་ནས་དེའི་ནང་དུ་བྱད་བཞིན་འཆར་བ་ནི་གློ་བུར་དྲི་བྲལ་གྱི་སངས་རྒྱས་མཚོན་བྱེད་དུ་གོ་བར་བྱ། དེས་ན་སངས་རྒྱས་དང་སེམས་ཅན་གཉིས་པོ་ངོ་བོའི་ཆ་ནས་སོ་འཕགས་དང་བཟང་ངན་གྱི་ཁྱད་པར་མེད་ཀྱང་། གཅིག་དེ་གློ་བུར་དྲི་མ་ལས་ཡོངས་སུ་གྲོལ་བ་དང་། གཞན་དེ་སྒྲིབ་པ་ལས་མ་གྲོལ་བའི་ཁྱད་པར་མཆིས་པ་ཙམ་དུ་ཟད་པ་ཐེག་མཆོག་སེང་གེའི་ང་རོའི་དབྱངས་ཀྱིས་རྡོ་རྗེའི་བཀའ་བཏགས་ཀྱི་ཕྱག་རྒྱ་ཆེན་པོ་རུ་ལེགས་པར་བསྒྲགས་ཟིན་ཏེ། ཚིག་དོན་རིན་པོ་ཆེའི་མཛོད་ལས། དང་པོ་ལ་ཁྱད་པར་ནི་སེམས་གང་ཡིན་འཁོར་བའི་ཆོས་ཏེ་ལས་དང་བག་ཆགས་ཀྱི་རང་བཞིན་དྲི་མར་སྐྱེས་པའི་སྐྱོན་དེ་རིག་པ་ལ་ལྡན་དུས་སེམས་ཅན་ཞེས་བཏགས་ཤིང༌། སེམས་དེས་འགྲོ་དྲུག་སོ་སོར་འཁྲུལ་བར་བྱེད་ལ། རིག་པ་དེ་སེམས་དང་བྲལ་དུས་གློ་བུར་དྲི་བྲལ་གྱི་སངས་རྒྱས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ད་འདིར་གཏམ་གྱི་ཡང་སྙིང་དང་། ཚིག་བརྒྱའི་གནད་འགག་ནི། དེ་ལྟ་བུར་སེམས་ཅན་རྣམས་ཀྱི་རང་བཞིན་ནི་ཡེ་ཐོག་མ་ནས་སངས་རྒྱས་སུ་བཞུགས་ཡོད་པ་ལ། གནས་ལུགས་དེ་ཉིད་སྒྲིབ་པའི་ནང་གི་དྲི་མ་གློ་བུར་བའི་ཚོགས་རྣམས་དངོས་ཤུགས་གང་རུང་གི་སྒོ་ནས་སྦྱོང་བྱེད་དུ་རྒྱལ་བ་རྣམས་ཀྱིས་མདོ་སྔགས་ཀྱི་ལམ་བསྟན་པར་མཛད་ཅིང་། དེ་དག་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་ཡིན། དེ་ཡང་བསམ་པའི་ཁྱད་པར་གྱི་སྒོ་ནས་སྐྱེས་བུ་ཆེ་འབྲིང་ཆུང་གི་སྐྱབས་འགྲོའི་དབྱེ་བ་དང་། ཐེག་པ་ཆེ་ཆུང་གི་གྲུབ་མཐའི་ལུགས་ཀྱི་སྐྱབས་ཡུལ་ངོས་འཛིན་ཚུལ་མི་འདྲ་བ་མཆིས་ཀྱང་། ཐེག་ཆེན་སྤྱིའི་ལུགས་ལ། ཆོས་དང་དགེ་འདུན་དག་ནི་གནས་སྐབས་ཀྱི་སྐྱབས་ཙམ་དང་། དོན་གྱི་སྐྱབས་གནས་མཐར་ཐུག་པ་ནི་སངས་རྒྱས་ཡིན་པར་དགོངས་པ་མཐུན། དེ་ལ་དབྱེ་ན་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཞི་ཡོད་པར་གསུངས་ཤིང་། ངོ་བོ་ཉིད་སྐུ་ནི་སྒྲིབ་གཉིས་ཡོངས་སུ་ཟད་པའི་མཐར་ཐུག་གི་དབྱིངས་ཡིན་ལ། དེ་ལ་རང་བཞིན་རྣམ་དག་གི་ཆར་གྱུར་པ་དང་། གློ་བུར་རྣམ་དག་གི་ཆར་གྱུར་པ་ཡོད། སྔོན་གྱི་མཁས་པ་མང་པོས་མཚན་ཉིད་རྒྱུ་ཡི་ཐེག་པ་དང་བསྟུན་ནས་ངོ་བོ་ཉིད་སྐུ་འགྲེལ་སྐབས་སུ། རང་བཞིན་རྣམ་དག་གི་ཆར་གྱུར་པའི་སྐུ་དེ་གཙོ་བོར་མཛད་པའམ། ཆ་གཉིས་ཀ་གཙོ་བོར་མཛད་པ་ཡོད། ཕར་དཔྱད་ཚེ་དེ་དག་ཚིག་གི་བརྗོད་སྟངས་ཙམ་ལ་མི་འདྲ་བ་མཐོང་ཡང་། དོན་དུ་ཀུན་གྱི་བཞེད་དགོངས་གནད་གཅིག་ལ་བབས། ཐེག་མཆོག་རྫོགས་པ་ཆེན་པོའི་ལུགས་ལ། གློ་བུར་དུ་རྒྱུ་རྐྱེན་གྱིས་གསར་དུ་མ་བཟོས་པར་ཐོག་མ་ནས་རང་ཅག་གི་རྒྱུད་ལ་རང་ཆས་སུ་ཡོད་པའི་སེམས་ཀྱི་ཆོས་ཉིད་གཞིར་གནས་ཀྱི་ཡེ་ཤེས་སུ་བཞེད་ལ། དེ་ལྟའི་གཞིར་གནས་ཀྱི་སེམས་ཉིད་འོད་གསལ་བ་ཆོས་སྐུ་རང་བྱུང་གི་རིག་པ་ལ་སངས་རྒྱས་ཀྱི་ཐ་སྙད་འཇུག །སངས་རྒྱས་ཞེས་པའི་ཐ་སྙད་དེ་སེམས་ཀྱི་ཆོས་ཉིད་འོད་གསལ་བ་སོགས་ལ་འཇུག་ན། ངོ་བོའི་ཆ་ནས་སེམས་ཅན་རྣམས་སངས་རྒྱས་ཡིན་ཡང་། སྤྱིར་སེམས་ཅན་རྣམས་སངས་རྒྱས་ཡིན་པར་མི་བཞེད། བོད་ཀྱི་གསར་རྙིང་གི་གྲུབ་མཐའ་སྨྲ་བའི་ནང་དུ། རང་སེམས་ཆོས་སྐུ་དང་། སེམས་ཅན་སངས་རྒྱས་བཞེད་མཁན་མང་དུ་བྱུང་། དེ་ལ་ལུང་རིགས་ཀྱི་གནོད་པ་མི་ཉུང་བ་འཇུག་པ་འདི་ལྟར། རང་སེམས་ཆོས་སྐུ་ཡིན་ན་སེམས་དང་སེམས་ཀྱི་ཆོས་ཉིད་གཉིས་ལ་ཁྱད་པར་མེད་པར་ཐལ་བ་དང་། ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་འོད་གསལ་བའི་ཡེ་ཤེས་སུ་ཐལ་བ་དང་། མ་རིག་པ་རིག་པར་ཐལ་བ། ཀུན་རྫོབ་ཏུའང་འཁོར་བའི་རྒྱུ་རྐྱེན་མ་གྲུབ་པས་འཁོར་བ་མེད་པར་ཐལ་བ། ཉོན་མོངས་པ་དང་རྣམ་བྱང་གི་ཆོས་གཉིས་ལ་གཞི་མཐུན་ཡོད་པར་ཐལ་བ། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མེད་པའི་ལྟ་བ་ཉི་ཚེ་བར་ཐལ་བ། ཚོགས་བསགས་སྒྲིབ་སྦྱངས་ལ་ཉིང་དགོས་མེད་པར་ཐལ་བ་སོགས་ཀྱི་སྐྱོན་འབྱུང་། དེ་ལྟར་དུ་སེམས་ཅན་གྱི་ཆོས་ཉིད་སངས་རྒྱས་ཡིན་ཡང་། སེམས་ཅན་སངས་རྒྱས་མ་ཡིན་ཏེ། གལ་ཏེ་སེམས་ཅན་སངས་རྒྱས་སུ་འདོད་ན། སོ་སྐྱེས་དང་འཕགས་པའི་དབྱེ་བ་མེད་པར་ཐལ་བ། སློབ་པ་དང་མི་སློབ་པའི་ས་མཚམས་མེད་པར་ཐལ་བ། ཐ་སྙད་བདེན་པའི་ངོས་ནས་ཀྱང་འཁོར་འདས་གཉིས་ཀྱི་རྣམ་གཞག་ཞིག་པར་ཐལ་བའི་སྐྱོན་སོགས་མི་འདོད་བཞིན་དུ་འབྱུང་བར་འགྱུར། དེས་ན་རང་ལུགས་ཀྱི་གྲུབ་མཐའི་ཁས་ལེན་ནི། མངའ་རིས་པཎ་ཆེན་པད་མ་དབང་རྒྱལ་གྱིས་མཛད་པའི་རང་བཞིན་རྫོགས་པ་ཆེན་པོ་ལས་བརྩམས་ཏེ་ལྷའི་ཟླ་བས་དྲིས་པའི་ལན་གསང་བའི་གཏེར་མཛོད་ཀྱི་དྲི་བ་སོ་གཉིས་པའི་ནང་དུ། སེམས་ཅན་སངས་རྒྱས་ཡིན་མིན་དང་། སྣང་བ་རང་སེམས་ཡིན་མིན་ཀུན་མཁྱེན་ཀློང་ཆེན་པ་དང་། ཀཿཐོག་ཤཱཀྱ་རྡོ་རྗེ་གཉིས་ཀྱི་བཞེད་ཚུལ་མི་འདྲ་བའི་སྐོར་མཐོང་སྣང་དུ་གྲུབ་པའི་སྐོར་ལ་དྲི་བ་བྱས་པ་ལ། ལན་དུ་མན་ངག་སྡེའི་ལུགས་ལྟར་ན། ཀློང་ཆེན་པའི་རྗེས་སུ་འབྲངས་ནས། སེམས་ཡེ་ཤེས་མིན་པ་དང་། སེམས་ཅན་སངས་རྒྱས་མིན་པར་ཁས་ལེན་དགོས་པའི་ཚུལ་ཞིབ་གསལ་དུ་གསུངས་པ་བཞིན་ནོ། །སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཕྱིའི་སྐྱབས་འགྲོ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་འགྲོ་བ་ནང་གི་སྐྱབས་འགྲོ། རྩ་རླུང་ཐིག་ལེ་གསུམ་ལ་སྐྱབས་སུ་འགྲོ་བ་གསང་བའི་སྐྱབས་འགྲོ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་འགྲོ་བ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་སྟེ་བཞི་ཡོད། སྔགས་གསར་ཕྱོགས་ཀྱི་བླ་མ་དམ་པ་ཕལ་ཆེ་ཤོས་ཀྱིས་སྐྱབས་འགྲོའི་དབྱེ་བ་འདི་ལྟ་བུ་མི་གསུངས་ཀྱང་། གངས་ལྗོངས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཆེན་པོ་རྗེ་བཙུན་མི་ལ་རས་པས་ཕྱི་ནང་གསང་བའི་སྐྱབས་འགྲོའི་རྣམ་གཞག་བཞེད་དེ། བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་འགྲོ་ཡིན། །ཞེས་དང་། རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་འགྲོ་ཡིན། །ཞེས་གསུངས། སྒོ་གསུམ་པོ་བྱིན་རླབས་ཀྱི་རྩ་བ་བླ་མ་ལ་འབུལ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལ་བརྟེན། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ལ་གྲོགས་སུ་བྱས་ནས་སྐྱབས་སུ་འགྲོ་བ་ནང་གི་སྐྱབས་འགྲོ་ཡིན་པ་ཀུན་མཁྱེན་འཇིགས་མེད་གླིང་པ་དང་རྫ་དཔལ་སྤྲུལ་རིན་པོ་ཆེ་སོགས་སྔོན་གྱི་རིག་པ་འཛིན་པ་དག་བཞེད། གསང་བའི་སྐྱབས་འགྲོ་སོགས་འགའ་རེས་འདི་ཉིད་རྒྱུད་རྣམས་སུ་མ་གྲགས་ཟེར་ཡང་། མཁས་པ་གཞན་གྱིས་དོན་དུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི་དགོངས་པར་གནས་པར་བཀྲལ་ཏེ། སྦྱང་གཞི་རྩ་རླུང་ཐིག་ལེ་གསུམ་པོ་སྐུ་གསུང་ཐུགས་རྡོ་རྗེའི་སྒྲུབ་གཞིར་བྱས་ཏེ། སྦྱོང་བྱེད་རྣལ་འབྱོར་གསུམ་གྱི་སྒོ་ནས། དཔེའི་འོད་གསལ་འགྲུབ། དཔེའི་འོད་གསལ་ལས་མ་དག་པའི་སྒྱུ་ལུས་འགྲུབ། མ་དག་པའི་སྒྱུ་ལུས་ལས་དོན་གྱི་འོད་གསལ་འགྲུབ། དོན་གྱི་འོད་གསལ་ལས་དག་པའི་སྒྱུ་ལུས་འགྲུབ། དག་པའི་སྒྱུ་ལུས་ལས་སློབ་པའི་ཟུང་འཇུག་འགྲུབ། སློབ་པའི་ཟུང་འཇུག་ལས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་སྟེ། སྦྱང་བྱ་ཁུ་རྡུལ་རླུང་གསུམ་སོགས་སྦྱངས་མཐར་སྐུ་གསུང་ཐུགས་གསུམ་རྡོ་རྗེའི་རང་བཞིན་དུ་མངོན་པར་བྱང་ཆུབ་པའི་སྒོ་ནས་སྐྱབས་སུ་འགྲོ་བར་བཞེད། ཡང་བླ་མེད་ཀྱི་ཐེག་པའི་ལམ་དུ། རང་ལུས་རྡོ་རྗེའི་གྲོང་ཁྱེར་དུ་བཞུགས་པའི་རགས་པ་རྒྱུའི་རྩ་ཐིག་རླུང་གསུམ་རྣམས་བདག་དམ་ཚིག་པར་བསྒོམ་པ་དང་། ཕྲ་བ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་རྣམས་ཡེ་ཤེས་སེམས་དཔར་བསྒོམ་པའི་སྟོབས་ཀྱིས། དེ་དག་ལ་བརྟེན་ཏེ། ཕུང་ཁམས་རང་བཞིན་ཡེ་ནས་དག་པའི་གནས་ལུགས་མངོན་དུ་གྱུར་ནུས་པའི་སྒོ་ནས་ཟུང་འཇུག་གི་གོ་འཕང་ཐོབ་པར་བྱེད་པས་ན། རྩ་ཐིག་རླུང་གསུམ་གྱི་ངོ་བོ་རྡོ་རྗེའི་རང་བཞིན་དུ་ཤེས་པའི་ལྟ་བའི་ངང་དུ། དེ་དག་ལམ་དུ་བྱེད་པ་སྐྱབས་སུ་འགྲོ་ཚུལ་ཡིན་པ་སོགས་གསུངས། གཞན་ཡང་སྔ་འགྱུར་འོད་གསལ་རྡོ་རྗེའི་སྙིང་པོའི་ལུགས་ལྟར་ན། སྐྱབས་འགྲོ་བཞིའི་རྣམ་གཞག་གསལ་བར་ཡང་དང་ཡང་དུ་བསྟན་ཏེ། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམཿ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམསཿ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ ཞེས་གསུངས། འདིས་ནི་རྩ་སྤྲུལ་སྐུར་བརྟེན། རླུང་ལོངས་སྐུར་སྦྱངས། ཐིག་ལེ་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བའི་དོན་བསྟན། སྐྱབས་འགྲོའི་ཚིགས་བཅད་ཟབ་ཅིང་བྱིན་རླབས་ཅན་འདི་ནི་མཁས་པ་མང་པོས་ཡ་མཚན་པའི་རྡོ་རྗེའི་ཚིག་ཏུ་བཀུར་ཞིང་། ཐུན་མོང་དང་ཐུན་མིན་མ་ཡིན་པའི་སྐྱབས་འགྲོ་མ་ལུས་པའི་དོན་འདུས་ཡོད། འདི་ལ་ད་སྔ་ཡན་ཆད་མི་མང་པོས་འཆད་སྐབས་སུ་འགྲེལ་ལུགས་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་ལ། འགྲེལ་སྟངས་འགའ་ཤས་ནི་རྩ་བའི་གཞུང་གི་གནད་དོན་དང་འབྲེལ་ཡོད་མེད་བརྟག་པར་བྱ་བའི་གནས་སུ་མཆིས། སྔོན་ཆད་ཀྱང་འདིའི་དོན་ཇི་བཞིན་ཧ་མ་གོ་བ་བྱུང་སྟབས། ཨ་བུའི་དངོས་སློབ་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱིས། གཞན་དུ་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ཁྱད་པར་མ་ཤེས་པར་རྩ་ཐིག་རླུང་གསུམ་རང་ལུས་ན་གནས་པས་དེ་ལ་བདག་སོགས་སྐྱབས་པར་མཛད་དུ་གསོལ་ཞེས་རེ་བ་བཅའ་ས་མེད་ཅེས་གསོལ་འདེབས་དང་སྐྱབས་འགྲོའི་ཁྱད་པར་གསུངས་བར་མཛད། ཡང་གསང་ཐེག་པའི་རྩེ་མོ་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ལ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། ཀ་དག་གདོད་མ་རང་བྱུང་གི་རིག་པ་སྐུ་གསུམ་མ་རྩོལ་ལྷུན་གྱིས་གྲུབ་པ་གཉུག་མ་དོན་གྱི་ཡེ་ཤེས་ཉིད་ལ། ངོ་བོ་སྟོང་པའི་ཆོས་སྐུ་དང་། རང་བཞིན་གསལ་བའི་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་རྣམས་རང་ཆས་སུ་རྫོགས་པ་མ་ཟད། དེ་ནི་དུས་འགའ་རེ་བ་ཙམ་མ་ཡིན་པར། གཞི་དང་གཞི་སྣང་གི་གནས་སྐབས་ཀུན་ཏུ་བཞུགས་པ་ནི་འགྱུར་བ་མེད་པའི་གནས་ལུགས་ཡིན་ལ། སངས་རྒྱས་རྣམས་ཀྱིས་དེ་ཡོངས་སུ་རྫོགས་པར་མངོན་དུ་གྱུར་པར་མཛད་ཅིང་། འཁོར་བར་འཁྱམས་པའི་འགྲོ་བ་དག་གི་རྒྱུད་ལ་གནས་ཀྱང་ཡང་དག་པར་མངོན་དུ་མ་གྱུར་པར་གནས། དེས་ན། རང་རེ་འགྲོ་བ་རྣམས་སེམས་ཀྱི་རྡོ་རྗེའི་གནས་ལུགས་སྐུ་གསུམ་གྱི་ཡེ་ཤེས་དེ་དག་རང་རྒྱུད་ལ་སད་ཕྱིར་དུ། སྐྱབས་ཡུལ་མཆོག་གསུམ་རྩ་གསུམ་ཚོགས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་རྣམ་གསུམ་དབྱེར་མེད་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོའི་མཚན་ཉིད་ཡིན་པ་ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱི་དགོངས་པ་མ་ནོར་བའོ། །འདིར་ངོ་བོ་རང་བཞིན་ཐུགས་རྗེ་ཀུན་ཁྱབ་གསུམ་པོ་འདིའི་ནང་ལ་རྫོགས་པ་ཆེན་པོའི་གནས་ལུགས་ཆ་ཚང་བ་འདུས་ཤིང་། དེ་ཡང་དོན་དུ་སེམས་ཉིད་ཀ་དག་རང་བྱུང་གི་རིག་པ་གཅིག་པུ་ལས་མ་འདས་པ་མ་ཟད། དེ་དག་ངོ་བོ་ཐ་དད་དུ་མ་གྲུབ་བཞིན་དུ་ཐ་སྙད་དུ་ལྡོག་པ་ཐ་དད་ཙམ་དུ་ཕྱེ་བ་ལས་གཞན་དུ་རྟོགས་བྱའི་གནས་རེ་རེ་བ་མ་གྲུབ། ཀ་དག་རང་བྱུང་གི་རིག་པ་འདི་ནི་ཡོད་མེད་ཀྱི་སྤྲོས་པའི་ཕྱོགས་སུ་མ་ལྷུང་ཞིང། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པས། མ་རིག་པ་ཀུན་རྟོག་རླུང་གི་གཡོ་བའི་ཆ་ཟད་པ། གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་ཀྱིས་མ་གོས་པ། སྐྱེ་འགག་གི་མཚན་མས་སྟོང་པས་ངོ་བོ་སྟོང་པ་ལ། ཅང་མེད་སྟོང་རྐྱང་དུ་མ་སོང་བས་ཆོས་ཀྱི་དབྱིངས་རབ་འབྱམས་པར་ཁྱབ་བརྡལ་ཕྱོགས་ཡན་ཆེན་པོར་རང་གསལ་ལྷུན་གྲུབ་ཏུ་བཞུགས་པས་རང་བཞིན་གསལ་བ། སྟོང་གསལ་ཟུང་འཇུག་གི་ཀློང་དེ་ཉིད་རིག་པའི་རོལ་རྩལ་འགག་མེད་དུ་འཆར་བའི་སྒོར་གནས་པ་ཐུགས་རྗེ་ཀུན་ཁྱབ་བྱ། དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་གཞིར་གནས་སྐུ་གསུམ་གྱི་རིག་པ་དེ་རང་ངོར་སད་པའི་མཐུ་ལས། མདོ་ལས་བཤད་པའི་སྒྲིབ་པ་གསུམ་དང་། སྔགས་ལས་བཤད་པའི་སྣང་གསུམ་འཕོ་བའི་བག་ཆགས་སོགས་གློ་བུར་གྱི་སྒྲིབ་པ་རྡུལ་ཙམ་ཡང་མ་ལྷག་ཚེ། དེ་ནི་ཀ་དག་ཆེན་པོར་གྲོལ་ཞིང་། སྐུ་བཞི་ཡེ་ཤེས་ལྔ་མངོན་དུ་གྱུར་པ་དག་པ་གཉིས་ལྡན་གྱི་དབྱིངས་ཏེ། སློབ་ལམ་པ་དག་གི་ངོར་རྒྱུ་སྐྱབས་སུ་སོང་བ་ཡིན། འོན་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་སྐབས་འདིར་རང་རྒྱུད་ལ་ད་ལྟར་ལྷུན་གྲུབ་རང་ཆས་སུ་གནས་པའི་སེམས་ཀྱི་ཆོས་ཉིད་འདི་ལ་སྐྱབས་སུ་འགྲོ་བ་དོན་དམ་མཐར་ཐུག་པའི་སྐྱབས་འགྲོ་ཡིན་པ་མ་ཟད། དེ་ལས་ལྷག་པ་དང་ཟབ་པའི་སྐྱབས་སུ་འགྲོ་ཚུལ་ཞིག་མཁས་པ་སྟོང་དང་གྲུབ་པ་བརྒྱས་ཕྱོགས་ཀུན་དུ་བཙལ་ནའང་མི་རྙེད། དེས་ན་ཀ་དག་རང་བྱུང་གི་རིག་པ་འདི་ད་ལྟ་ཉིད་རང་རེའི་རྒྱུད་ན་སེམས་ཀྱི་གནས་ལུགས་ཀྱི་ཚུལ་དུ་ཡོད་ལ། དེ་ཉིད་སྒྲིབ་པས་མ་གཡོག་པར་རྣམ་པ་ཀུན་དུ་མངོན་དུ་གྱུར་པའི་ཆེད་དུ་དེ་མཐར་ཐུག་གི་སྐྱབས་གནས་སུ་བཟུང་ནས་དེའི་ངང་ལ་མཉམ་པར་གཞག་དགོས་ཏེ། གཅོད་ཡིག་མཁའ་འགྲོའི་གད་རྒྱངས་ལས། རང་བྱུང་གི་རིག་པ་བཅོས་མེད་འདིཿ སྐྱབས་ཡུལ་གྱི་ངོ་བོར་མ་རིག་པསཿ སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་རྣམསཿ སྐུ་གསུམ་གྱི་དགོངས་པས་བསྐྱབ་ཏུ་གསོལཿ ཞེས་སྐྱབས་འགྲོའི་སྐབས་སུ། འདི་ཞེས་ཉེ་བའི་ཐ་སྙད་སྦྱར་བ་ལ་དགོས་པ་གལ་ཆེན་པོ་ཡོད་པ་ནི། ད་ལྟ་རང་དུ་རང་རེའི་