དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

རྒྱུད་ལ་ཡོད་པ་སེམས་ཀྱི་ཆོས་ཉིད་མ་འགག་ས་ལེ་བ་ཞིག་མཇལ་རྒྱུ་ཡོད་པ་འདི་ཀ་དག་ཆོས་སྐུའི་རིག་པ་ཡིན་པས། དེ་ཉིད་སྐྱབས་ཡུལ་ཀྱི་མཐར་ཐུག་པ་ཡིན་ཞེས་བསྟན་པའི་དོན་ཡིན། ད་ལྟ་ཉིད་དུ་རང་རེའི་རྒྱུད་ན་མེད་པ་ཞིག་ཡིན་ན་སེམས་ཀྱི་ཆོས་ཉིད་ཅེས་ག་ལ་ཐོགས། ཐེག་པ་ཆེན་པོའི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་དོན་མཐར་ཐུག་པ་འོད་གསལ་ཟེར་བ། བདེ་བར་གཤེགས་པའི་སྙིང་པོ་ཟེར་བ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཟེར་བ། སེམས་ཀྱི་རྡོ་རྗེ་ཟེར་བ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་གནས་ཤིང་། འདི་ལས་གཞན་པའི་དོན་དམ་བདེན་པ་རླབས་པོ་ཆེ་ཞིག་གུད་དུ་མ་དམིགས་ལ། འདི་ཉིད་ཐོག་མ་མེད་པ་ནས་རང་ཅག་གི་རྒྱུད་ལ་གནས་ཡོད་པ་མ་ཟད། འདི་རང་རེའི་ཆོས་ཉིད་དང་གདོད་མའི་རང་ཞལ་མ་ནོར་བར་སོང་བས། སྐྱེ་བའི་ཕྲེང་བ་གྲངས་ལས་འདས་པར་ཁམས་གསུམ་གྱི་གནས་རིས་ཚད་མེད་པར་འཁྱམས་ནས། འགྲོ་བ་སྣ་ཚོགས་ཀྱི་ལུས་བླངས་པའམ། ད་ལྟ་མི་ཚེ་འདིའི་ནང་ལ་རང་རེས་སྤྲང་ཕྱུག་རྒན་གཞོན་དང་། བྲམ་ཟེ་གདོལ་པ་རབ་བྱུང་ཤན་པ་རྣམས་ཀྱི་རྣམ་པ་བཟུང་ཡང་། དོན་དམ་བདེན་པའི་ངོས་ནས་རང་རེ་རྣམས་དེ་དག་སུའང་མ་ཡིན་པར། ཆོས་སྐུ་རང་བྱུང་གི་སངས་རྒྱས་ཡིན་པས། རྡོ་རྗེ་གད་མོ་བཅུ་གཉིས་ཀྱི་སྐབས་སུ། འགྲོ་བས་སྒོམ་པ་རྡུལ་ཙམ་ཞིག་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཞེས་རྒྱུད་ལས་གསུངས་པའི་དགོངས་ཡུལ་ཟབ་མོའི་དོན་འདི་ཁོ་ན་ལ་ཐུག །སྔོན་ཨུ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷིས་རང་བྱུང་རྒྱལ་བའི་གདུང་འཚོབ་མཚོ་སྐྱེས་རྗེ་ཐོག་མར་མཇལ་སྐབས་སུ། ཁྱེད་ཀྱི་ཕ་མའི་མིང་དང་རིགས་གང་ཡིན་ནམ། ཡུལ་གང་ནས་འོང་ངམ་དྲིས་པས། ལན་དུ། བདག་གི་ཕ་ནི་རིག་པའི་ཡེ་ཤེས་ཡིན༔ མ་ནི་བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན༔ རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས༔ ཞེས་གཟོད་མའི་ཆོས་ཉིད་ཀྱི་སྡོད་ལུགས་དང་བསྟུན་ནས། གནས་སྐབས་པ་ཀུན་རྫོབ་ཀྱི་མཚན་མ་ཕར་བཞག་སྟེ། ཀུན་གྱི་གཤིས་ལུགས་མ་ནོར་བ་སེམས་ཉིད་སྐྱེ་བ་མེད་པ་འོད་གསལ་ཆོས་སྐུ་ཆེན་པོའི་རང་ཞལ་ཐད་ཀར་དུ་བསྟན་པ་བཞིན་དུ། དོན་དུ་མཐོ་བ་སངས་རྒྱས་འཕགས་པ་མན་ཆད་ནས། དམའ་བ་སྲིན་བུ་པདྨ་ཡན་ཆད་ཀྱི་ཡིད་ཅན་ཐམས་ཅད་ཀྱི་ཕ་ནི་རིག་པའི་ཡེ་ཤེས་ཡིན་པ་ཤིན་ཏུ་མི་མཚར་རམ། དེ་ཐམས་ཅད་ལ་ཨ་མ་གཅིག་ལས་མེད་ཅིང་དེ་ནི་མ་ཡུམ་ཀུན་ཏུ་བཟང་མོར་གྱུར་པ་རྨད་དུ་བྱུང་བ་མ་ཡིན་ནམ། ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན་པས། དོན་དུ་ང་ཁྱོད་ཀྱི་དབྱེ་བ་མེད་པར་རང་རེ་འགྲོ་བ་ཐམས་ཅད་སྐྱེ་འགག་འགྲོ་འོང་དང་བྲལ་བའི་སྤྲོས་བྲལ་རྒྱལ་བའི་ཞིང་ལ་རྟག་ཏུ་གནས་ཡོད་པ་འདི་ལ་ཡ་མཚན་མི་སྐྱེ་ཐབས་མེད་ཅིག་འདུག །རང་རེ་ཚང་མ་རིགས་ནི་དབྱིངས་རིག་གཉིས་མེད་ཡིན་པས་དོན་དུ་བདེ་བར་གཤེགས་པའི་གདུང་ལས་སྐྱེས་པས་དགའ་བ་ལ་ཨང་། གཞུང་འདིའི་སྐྱབས་འགྲོའི་ཚོགས་ཞིང་གི་དམིགས་རིམ་ནི། ཁྱབ་བརྡལ་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་ཀློང་མཚོན་པའི་མདུན་གྱི་ནམ་མཁའ་ཡངས་པར་བར་སྣང་དུ་འཇའ་ཤར་བ་བཞིན་དུ། ཉི་ཟླ་པདྨའི་གདན་སྟེང་དུ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་མ་ལབ་ཀྱི་སྒྲོན་མ་སྒྲིབ་གཉིས་དག་པའི་བརྡར་སྐུ་མདོག་དཀར་ལ་བཀྲག་མདངས་རྒྱས་པ་གངས་རི་ལ་ཉི་མའི་འོད་ཕོག་པ་ལྟ་བུ། ཕྱག་གཡས་པར་ཐབས་བདེ་བ་ཆེན་པོ་མཚོན་བྱེད་ཀྱི་ཌཱ་མ་རུ་བསྣམས་པ། ཕྱག་གཡོན་པར་ཤེས་རབ་སྟོང་པ་ཉིད་མཚོན་བྱེད་ཀྱི་དྲིལ་བུ་ཐོགས་པ། དེའི་སྟེང་དུ་མུ་ཏིག་གི་ཕྲེང་བ་གྱེན་དུ་འཕྱར་བ་བཞིན་དུ་མཐོ་བརྩེགས་ཀྱི་ཚུལ་དུ། ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་ཝ་ར་ཧི། སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ། མ་ཅིག་ལབ་ཀྱི་སྒྲོན་མ། ལ་འདུལ་ཆོས་ཀྱི་སྒྲོན་མ། རིག་འཛིན་བདེ་གཤེགས་གླིང་པ། བདག་ཅག་གི་འདྲེན་པ་ཆེན་པོ་བཀའ་དྲིན་གསུམ་ལྡན་གྱི་རྡོ་རྗེ་འཛིན་པ་སྤྲུལ་པའི་གཏེར་ཆེན་འཇིགས་མེད་རྡོ་རྗེ་རྣམས་གསལ། ཡང་དེ་དག་གི་གཡས་གཡོན་དུ་རྒྱ་བོད་ཀྱི་རིག་པ་འཛིན་པ་རྣམས་དང་། རྫོགས་ཆེན་དང་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་སྐུ་ལ་བཀྲག་མདངས་རྒྱས། གསུང་ལ་སྙན་འཇེབས་ལྡན། ཐུགས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རོལ་བཞིན་དུ་བྱིན་རླབས་ཀྱི་ཆར་ཆེན་འབེབས་བཞིན་དུ་བཞུགས། སྐུའི་མཐར་སྐོར་གྱི་ཕྱོགས་ཐམས་ཅད་དུ། རྒྱུད་སྡེ་བཞིའི་ཡི་དམ་ལྷ་ཚོགས་མངོན་སུམ་དུ་བྱོན་ནས་དངོས་གྲུབ་ཀྱི་ཆར་ཆེན་འབེབས་ཤིང་། ཡེ་ཤེས་ཀྱི་མཁའ་འགྲོའི་སྡེ་སྤྲིན་ཕུང་གཏིབ་པ་ལྟ་བུས་ཕྲིན་ལས་འབད་མེད་དུ་འགྲུབ་པའི་གྲོགས་མཛད་ཅིང་། དཀར་ཕྱོགས་སྐྱོང་བའི་ཆོས་སྐྱོང་ཕོ་མོ་རྣམས་དཔའ་རྟུལ་གཡུལ་ལ་ཆས་པ་ལྟར་དུ་གསལ། དེ་ནས་སྐྱབས་ཡུལ་རྣམས་ལ་བློ་མི་འགྱུར་བའི་དད་པ་དྲག་པོ་དང་བཅས་པས། ཁྱེད་ཤེས་དང་ཁྱེད་མཁྱེན་གྱི་སྒོ་ནས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བྱའོ། །དེ་ལྟར་སྐྱབས་སུ་འགྲོ་ན་རྒྱུད་ལ་མཆོག་གསུམ་དང་རྩ་བ་གསུམ་གྱི་བྱིན་རླབས་འཇུག་ཅིང་། རང་རྒྱུད་ཀྱི་ཞིང་ས་རུ་ཉམས་རྟོགས་ཀྱི་ལོ་ཏོག་འཁྲུངས་བར་ཐེ་མི་ཚོམ་སྟེ། གུ་རུ་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག༔ བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ༔ ཅེས་གསུངས། དེ་ལས་ལྡོག་ཏེ་དད་པ་མེད་བཞིན་དུ་སྐྱབས་སུ་འགྲོ་བ་དེས་ལམ་གང་ཡང་མི་ཟིན། བྲམག་རྡོ་སྐམ་པོར་མེ་ཏོག་གི་ས་བོན་འདེབས་པ་ལྟར་འབྲས་བུ་ཅི་ཡང་མེད་པའི་ངལ་བ་ཙམ་དུ་ཟད་དེ། ཡང་ཁོང་གི་ཞལ་ནས། དད་མེད་བྲག་ཕུག་བྱང་བལྟས་ལྟ་བུ་ལ། །ཐུགས་རྗེའི་ཉི་མ་ནམ་ཡང་འཆར་དུས་མེད། །དད་མེད་ཆུ་དཀྱིལ་རྡོ་རིལ་ལྟ་བུ་ལ། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་ཟིན་དུས་མེད། །ཅེས་གསུངས། དད་པ་མ་ནོར་བ་རྣལ་མ་རེ་རྒྱུད་ལ་སྐྱེས་ཤིང་། སྐྱེ་ས་དེ་ཡང་དུས་གསུམ་ཀྱི་བདེ་བར་གཤེགས་པ་རྣམས་དང་། རྩ་གསུམ་ལྷ་ཚོགས་ཀྱི་ཐུགས་རྒྱུད་ཀྱི་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་ལ་བྱས་ནས་སྐྱབས་སུ་འགྲོ་ན། རང་གིས་མདོ་རྒྱུད་ཀྱི་གཞུང་ལུགས་ཆེན་པོ་སྦྱངས་མི་ནུས་པའམ། ཐོས་བསམ་ཀྱི་ཤེས་རབ་འདིའོ་ཞེས་རྒྱལ་ཁམས་ཡོངས་ལ་ངོམ་རྒྱུ་མེད་ཀྱང་། སྔ་འཕྱིའི་ཁྱད་པར་ཙམ་རེ་མ་གཏོགས། རང་རྒྱུད་ལ་ཆོས་ཉིད་རྟོགས་པའི་ཤེས་རབ་སྐྱེ་འོང་བའི་རྟེན་འབྲེལ་རེ་ལོས་ཡོད། སྔོན་ཆད་སློབ་དཔོན་བཻ་རོ་ཙ་ན་ཤར་རྒྱལ་མོ་ཚ་བ་རོང་ནས་བོད་དབུས་སུ་ཕྱིར་ཕེབས་སྐབས་སུ། ལམ་དུ་སྤམ་རྒན་མི་ཕམ་མགོན་པོ་ཞེས་པ་དང་འཕྲད། མི་དེས་ཁོང་བཻ་རོ་ཙ་ན་ཡིན་པ་ཤེས་ནས། ཁོང་གི་མགུལ་པ་ལ་འཁྱུད་ཅིང། ཡུན་ཅིག་ངུས་ནས། རྒན་འཁོགས་བདག་ལ་ཆོས་མེད་ཅིང་། ཉོན་མོངས་སྡུག་རྒན་ཞིག་ཡིན་པས། འཆི་ཀར་ཕན་པའི་ཆོས་ཤིག་བདག་ལ་གནང་རོགས་ཞུས། ཁོང་གིས་མི་དེ་ལ་རྫོགས་པ་ཆེན་པོའི་གདམས་ངག་བཙན་ཐབས་ཀྱི་སྒོ་ནས་ཆོས་ཉིད་ངོ་འཕྲོད་པར་མཛད་ཅིང་། རྒན་པོ་དེ་ལུས་མ་བོར་བར་སངས་རྒྱས་པ་བྱུང། འདི་ནི་དད་པའི་སྟོབས་ཀྱིས་དེ་ལྟར་བྱུང་བ་ཡིན་གྱི། གཞན་སྤམ་རྒན་མི་ཕམ་མགོན་པོ་དེས་ཆོས་ལ་དཀའ་བ་དཔག་མེད་སྤྱད་ཅིང་། མདོ་སྔགས་ཀྱི་གཞུང་ལུགས་ལ་ལོ་མང་པོ་ཐོས་བསམ་སྒོམ་གསུམ་བྱས་པའི་འབྲས་བུར་མཐར་སངས་རྒྱས་པ་མ་ཡིན། དཔེར་ན་རྫོགས་པ་ཆེན་པོའི་གདུལ་བྱར་གྱུར་པའི་གང་ཟག་ལ་དབང་པོ་མཆོག་དམན་གྱི་ཁྱད་པར་ཡོད་པས། འགའ་ཞིག་གིས་དཀའ་བ་མང་པོ་མི་དགོས་པར་བརྡ་ཙམ་གྱིས་རིག་པའི་རང་ཞལ་མྱུར་དུ་མཇལ་ཏེ། ཡུན་ཐུང་ངུའི་ནང་ལ་ས་ལམ་གྱི་ཡོན་ཏན་གྲངས་མང་ཞིང་རྒྱ་ཆེ་བ་རྫོགས་ནུས་པ་ཡིན། འགའ་ཞིག་གིས་སྒྲིབ་སྦྱངས་དང་ཚོགས་བསགས་གང་མང་བྱས། གདམས་ངག་མང་པོ་ཡང་དང་ཡང་དུ་ཞུས་མཐར་རིག་ངོ་མངོན་སུམ་དུ་མཇལ་བ་ཡོད་པས། གཞུང་རྣམས་སུ། རྫོགས་པ་ཆེན་པོའི་གདུལ་བྱ་ལ་སྣང་བ་ཡུལ་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་སོགས་ཀྱི་དབྱེ་བ་མཛད། རང་ཉིད་དབང་པོ་རབ་འབྲིང་ཐ་གསུམ་གང་གི་ཁོངས་སུ་གཏོགས་ཀྱང་། རང་རྒྱུད་ལ་མི་ཕྱེད་པའི་དད་པ་རྣལ་མ་ཞིག་མ་སྐྱེས་བར་དུ། རྫོགས་པ་ཆེན་པོའི་སྣོད་ཡང་དག་པར་མི་འགྱུར། གལ་ཏེ་རང་གིས་རྫོགས་ཆེན་པར་རློམ་ནས་ཉམས་ལེན་རེ་བྱེད་ན་ཡང་། རང་རྒྱུད་ལ་རྟོགས་པའི་ཡོན་ཏན་ཅི་ཡང་མི་འབྱུང་ལ། འཆད་ཀྱང་གཞན་སུ་ལ་ཕན་འདོགས་མི་ནུས། སྤྱིར་ཐེག་པ་གཞན་ཀུན་ལས་ཁྱད་པར་དུ་འཕགས་པའི་གསང་བ་སྔགས་འདིར་ཞུགས་ནས་ཉམས་སུ་ལེན་ན། མྱུར་ལམ་ཡིན་པས་ཚེ་གཅིག་ལུས་གཅིག་གི་སྟེང་དུ་འཚང་རྒྱ་ནུས་པ་མ་ཟད། སྡིག་པ་ཚབས་ཆེན་བསགས་ཟིན་པའི་སྐྱེས་བུ་དག་གིས་ཀྱང་འདི་ལ་བརྟེན་ནས་མཐར་ཐུག་གི་གྲོལ་བ་ཐོབ་པ་ཡིན་ཏེ། དཔལ་ཀ་ལ་ཙཀྲའི་ཏནྡྲར། གདོལ་པ་སྨུག་མཁན་ལ་སོགས་པ། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྦྱོར་བ་རྗེས་སྤྱད་ན། །སྐྱེ་བ་འདི་ལ་སངས་རྒྱས་འགྱུར། །ཞེས་གསུངས། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལྟར་ན། གང་ཟག་རང་རྒྱུད་པས་དང་པོར་ལམ་ལ་ཞུགས་ཤིང་སྦྱོང་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་ཉམས་སུ་བླངས་ནས། སྦྱང་བྱ་ཕྲ་རགས་ཀྱི་སྒྲིབ་པ་མཐའ་དག་སྤངས་ཏེ། མཐར་སྦྱངས་འབྲས་མི་གནས་པའི་ཟུང་འཇུག་ཆེན་པོའི་གོ་འཕང་འཐོབ་དགོས། དེའི་ཚུལ་ཡང་བླ་མེད་རྡོ་རྗེ་ཐེག་པའི་གཞུང་ལུགས་ལྟར་ན། གཙོ་བོ་ཁམས་དྲུག་ལྡན་པའི་མི་ལུས་ཐོབ་པའི་གང་ཟག་ལྟ་བུ་ཞིག་གིས་སྐྱེ་བ་སྔོན་མར་ལམ་དུ་ཞུགས་ཟིན་པའམ། མ་ཞུགས་ཀྱང་སྔོན་དུ་བསགས་པའི་བསོད་ནམས་ཆ་མཐུན་གྱི་དགེ་བ་ཙམ་གྱི་རྐྱེན་བྱས་ནས། ཚེ་འདིར་རིམ་པ་གཉིས་པོ་ཉམས་སུ་བླངས་ནས་འབྲས་བུ་སློབ་པའི་ཟུང་འཇུག་འཐོབ་ནུས་པར་འགྱུར་ཞིང་། དེ་ལ་གནས་སྐབས་སུ་སངས་རྒྱས་པ་ལ་ཤིན་ཏུ་ཐག་ཉེ་བ་དང་འདྲ་བའི་རྒྱུ་མཚན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཐ་སྙད་འཇུག་ཅིང་། རྟེན་དེ་ཉིད་ཀྱི་སྒོ་ནས་མ་དག་པའི་ལུས་ཟད་ནས། མཐར་ཐུག་གི་འབྲས་བུ་མི་སློབ་པའི་ཟུང་འཇུག་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བར་མཁས་པ་ཚད་ལྡན་གྱིས་གསུངས། དེ་ཡང་ཆོས་མྱུར་བ་རྡོ་རྗེ་ཐེག་པ་ཡིན་པ་ཙམ་གྱིས་མི་འོང་གི །གང་ཟག་དེ་སྣོད་ལྡན་གྱི་གདུལ་བྱ་ཞིག་ཡིན་དགོས་ལ། དེ་ཡང་གཙོ་བོ་དད་པ་རྣལ་མ་དང་ལྡན་པ་ཞིག་དགོས། མི་ཕྱེད་པའི་དད་པ་དང་ལྡན་ཚེ། དབང་པོ་རབ་ཀྱང་རུང་། དབང་པོ་དམན་ཡང་རུང་། གང་ཟག་དེ་སྣོད་ལྡན་དུ་གྱུར་ནས་གསང་བ་སྔགས་ཀྱི་དངོས་གྲུབ་བརྙེས་ནུས་ཏེ། དགྲ་ནག་འཇིགས་བྱེད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པས། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་དེ་ལ་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་དངོས་གྲུབ་ཤིན་ཏུ་རིང་། །ཞེས་གསུངས། དེ་དག་གི་ཕྱིར་ན་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་ལ་ཐུག །དེའི་རྩ་བ་དད་པ་ལ་ཐུག་པའི་ངེས་ཤེས་དང་མི་འབྲལ་བཞིན་དུ། སྐྱབས་ཡུལ་རྩ་གསུམ་སོགས་ལ་ཁ་ཙམ་མ་ཡིན་པར་ལུས་ཀྱི་བ་སྤུ་ལྡང་། མིག་ནས་མཆི་མ་དབང་མེད་དུ་ཤོར་འོང་བ་ལྟ་བུའི་སྙིང་ཐག་པ་ནས་དད་པ་མི་ཕྱེད་པ་བསྐྱེད་དེ་སྐྱབས་སུ་འགྲོ་བར་བྱའོ། །གཉིས་པ་སེམས་བསྐྱེད་ནི། ཐེག་པ་ཆེན་པོའི་ལུགས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ལ། རང་གཞན་ཀུན་གྱིས་ཅིས་ཀྱང་ཚད་མེད་བཞིའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་བཞིན་དུ། གཅོད་ལུགས་ལ་ངེས་པར་དུ་བྱམས་སོགས་ཚད་མེད་བཞི་མ་བྲལ་བའི་ངང་དུ་སེམས་བསྐྱེད་པར་བྱ་སྟེ། རིག་འཛིན་བདེ་གཤེགས་གླིང་པའི་གཅོད་ཡིག་ལས།