དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

སྐྱེ་འཆིའི་མཐའ་འདས་བྱང་ཆུབ་སེམས་ཀྱི་གདངས༔ ཆོས་ཉིད་ཡེ་ཤེས་སྙིང་རྗེའི་ལྕགས་ཀྱུ་ཡིས༔ འགྲོ་དྲུག་སེམས་ཅན་བྱམས་པ་ཆེན་པོའི་སར༔ མི་གནས་ལྷན་སྐྱེས་དགའ་བ་མཆོག་ཏུ་སྦྱོར༔ རེ་དོགས་ཉེར་ཞི་བཏང་སྙོམས་ལ་གནས་ནས༔ འཇིགས་མེད་གཏན་བདེའི་གོ་འཕང་བསྒྲོད་གྱུར་ཅིག༔ ཅེས་གསུངས། ལུང་འདིར་སྔགས་ལུགས་ལྟར་གྱི་ཚད་མེད་བཞིའི་རྣམ་གཞག་ཐུན་མོང་མ་ཡིན་པ་གསུངས་ཡོད་ཀྱང་། ཡོངས་གྲགས་ལྟར་ན་དང་པོ་བྱམས་པ་ཚད་མེད་ནི། ནམ་མཁས་གར་ཁྱབ་ལ་འགྲོ་བ་སེམས་ཅན་གྱིས་ཁྱབ་པས། སེམས་ཅན་གྱི་གྲངས་ནི་སུས་ཀྱང་གཞལ་མི་ནུས་ཤིང་ཚད་མེད་པར་གནས་པ་ལ་རིས་སུ་མ་ཆད་པར་དམིགས་ནས། དེ་དག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་སྨོན་པ་ཡིན། རང་རེ་རྣམས་ཀྱི་རྒྱུད་ལ་གཞན་དག་བདེ་བར་སྨོན་པའི་བློ་སྤུ་སུ་མ་ཙམ་རེ་སྐབས་སྐབས་སུ་སྐྱེ་བ་ཡོད་ཀྱང་། སྐབས་འདིར་མ་དྲིན་མོ་ཆེས་རང་དོན་རྒྱབ་དུ་གཡུགས་ནས། དཀའ་སྤྱད་ལ་མི་འཛེམས་ཤིང་། སྡུག་ཡུས་མི་འདོན་པར། སྙིང་ཐག་པ་ནས་རང་གི་བུ་ལ་བྱམས་ཤིང་བརྩེ་བ་བཞིན་དུ། མཐའ་ཡས་པའི་འགྲོ་བ་རྣམས་ལ་སྙིང་ནས་བརྩེ་ཞིང་། དེ་དག་ཐམས་ཅད་གནས་སྐབས་མཐོ་རིས་ཀྱི་བདེ་བ་དང་། མཐར་ཐུག་རྣམ་གྲོལ་གྱི་བདེ་བ་ཐོབ་ནི་ཅི་མ་རུང་སྙམ་པའི་བློ་རྣལ་མ་ཞིག་སྐྱེ་དགོས། དེ་ཉམས་སུ་ལེན་ཚུལ་ནི། ཚེ་འདིར་རང་ཉིད་དྲིན་གྱིས་བསྐྱངས་པའི་ཕ་མ་འམ། རང་གི་ལུས་ཤ་ཁྲག་ལས་ཆད་པའི་བུ་བུ་མོ་རྣམས་བསྒོམས་ཤིང་དམིགས་ནས། དེ་དག་ཐམས་ཅད་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་པའི་བློ་བསྐྱེད་ཚེ། བྱམས་པའི་བློ་བཅོས་མ་མ་ཡིན་པ་ཞིག་རྩོལ་མེད་དུ་འབྱུང་བ་ན། ཡིད་ལ་མཐའ་ཡས་པའི་འགྲོ་བ་རྣམས་བསྒོམས་ནས། དེ་བཞིན་དུ་སྨོན་ན་བྱམས་པ་ཚད་མེད་ཀྱི་བློ་རྣལ་མ་སྐྱེ་སླ། མ་བཟང་མོ་དེ་བུ་ལ་ཤིན་ཏུ་བྱམས་པའི་དབང་གིས། རྒྱུན་དུ་བུ་དེ་སེམས་ནས་མི་འདོར་ཞིང་། བུ་དེ་ལྟོགས་པའི་ཚེ་ན་ཟས་སྦྱིན། གྲང་ན་གོས་བཀོན། ན་ཚེ་སྨན་སྤྲད། བུ་ལ་ཕན་ཕྱིར་དུ་སྙན་པའི་གཏམ་སྨྲ་ཞིང་། ཐ་ན་མིག་གིས་བལྟ་ནའང་བྱམས་པའི་ཚུལ་གྱིས་ལྟ་བ་ལྟར་དུ། རང་རེ་རྣམས་ཀྱིས་དུས་རྒྱུན་དུ་སེམས་ཅན་རྣམས་བློ་ལས་མི་འདོར་བར། དེ་དག་ལ་བྱམས་པ་བསྒོམ་ཞིང་། ཅི་ནུས་ཀྱིས་གཞན་ལ་བརྩེ་བའི་སེམས་ཀྱིས་ཟས་གོས་སྦྱིན་པ་དང་། གཏམ་སྙན་པར་སྨྲ་བ་སོགས་ཕན་འདོགས་པའི་ལས་ལ་རྟག་ཏུ་གཞོལ་དགོས། རང་རེ་མི་རྣམས་ལ་མཚོན་ན། རང་གི་ཁྱིམ་མི་རྣམས་ལ་བྱམས་པ་བསྐྱེད་ཤིན་ཏུ་སླ། དེ་བཞིན་དུ་གཉེན་ཉེ་དང་གྲོགས་བཟང་པོ་ལའང་བྱམས་པ་བསྐྱེད་སླ། རང་དང་རིགས་མི་གཅིག་པའམ་ཆོས་ལུགས་གྲུབ་མཐའ་མི་གཅིག་པའི་སྐྱེ་བོ་རྣམས་ལས། རང་དང་རིགས་གཅིག་པ་དང་། ཆོས་ལུགས་དང་ཆོས་བརྒྱུད་གཅིག་པའི་མི་ལ་བྱམས་པ་བསྐྱེད་སླ་བ་ཡོད། དེས་ན། ཕ་དམ་པས། ཕ་ཡུལ་རིགས་དྲུག་སེམས་ཅན་སྤྱི་མཐུན་ལ། །ང་དང་བདག་ཏུ་མ་འཛིན་དིང་རི་བ། །ཞེས་གསུངས་པ་ལྟར། རང་གཞན་དང་ང་ཁྱོད་ཀྱི་ཕྱོགས་རིས་མི་བཟུང་བར། ཀུན་ལ་རང་ཕྱོགས་དང་གཉེན་ཉེ་ལྟ་བུའི་འདུ་ཤེས་འཛིན་ཨེ་ཐུབ་བལྟས་ནས། འདི་ལ་བྱམས་པ་བསྒོམ་གྱི། འདི་ལ་མི་སྒོམ་མི་སྙམ་པར། མཐའ་ཡས་པའི་འགྲོ་བ་རྣམས་ལ་རིས་སུ་མ་ཆད་པའི་ངང་ནས་བྱམས་པ་བསྐྱེད་པར་བྱ། དེང་སང་མང་པོས་ཆོས་སྒྲུབ་ཟེར་དུས། གཞན་གྱི་མཐོང་ལམ་དུ་རྟེན་བཞེངས་སྣ་ཚོགས་བྱེད་པའམ། ལྷ་བསྒོམ་སྔགས་བཟླས། ཌཱ་རུ་བཀྲོལ། ཕྲེང་བ་འཛིན། འཁོར་ལོ་བསྐོར་བ་སོགས་ཁོ་ན་ལ་གོ་ནས། རྒྱབ་ནས་དགྲས་འདེད་འོང་བ་བཞིན་དུ་ཚད་མེད་རྣམ་བཞིའི་ཚིག་ཙམ་རེ་འཚབ་འཚུབ་ངང་ནས་མྱུར་དུ་ཚར་གཅིག་ཙམ་རེ་འདོན། དེ་ཕྱིན་ཆད་ཉིན་གང་པོར་ཚིག་དེ་དག་གི་དོན་ལ་དོ་སྣང་མི་བྱེད་པར་འདུག་ཀྱང་། དེ་ནི་ཆོས་ཀྱི་སྙིང་པོ་མ་རྟོགས་པའི་སྐྱོན་དུ་ཟད་དེ། བྱམས་པ་རང་རྒྱུད་ལ་མ་སྐྱེས་བར་དུ་བྱང་ཆུབ་ཀྱི་སེམས་ཡང་དག་པ་ཞིག་སྐྱེ་དཀའ་ལ། བྱང་ཆུབ་ཀྱི་སེམས་དང་བྲལ་ཚེ། ལྟ་བ་ཟབ་མོ་རྟོགས་སྐད་དང་། བསྐྱེད་རྫོགས་སོགས་ཉམས་སུ་ལེན་ཁུལ་བྱེད་ནའང་། ཐེག་པ་ཆེན་པོའི་ཆོས་ཀྱི་ཁོངས་སུ་མི་འགྲོ་བས། ཨ་བུ་ཚང་གིས། བྱང་ཆུབ་སེམས་ཀྱིས་མ་ཟིན་བསྐྱེད་རྫོགས་སོགས། །གསང་སྔགས་ལམ་གྱི་ཉམས་ལེན་བྱེད་ལོ་ཡང་། །ཐེག་ཆེན་ལྟ་ཅི་ནང་པའི་ཆོས་སུ་ཡང་། །འགྲོ་དང་མི་འགྲོ་ཤེས་པར་དཀའ་བ་ལགས། །ཞེས་གསུངས། རང་རེ་གསང་སྔགས་པ་རྣམས་ཀྱིས་མནན་བསྲེག་འཕངས་གསུམ་སོགས་མངོན་སྤྱོད་དྲག་པོའི་ལས་ལ་འཇུག་སྐབས་སུ། དགྲ་བགེགས་ལ་བྱམས་པ་སྐད་ཅིག་ཙམ་ཡང་འདོར་མི་རུང་སྟེ། གཞན་འཇིག་རྟེན་པའི་དམོད་གཏོང་བྱེད་པ་ཙམ་ལས་མ་འཕགས་པས། གཞན་རྒྱུད་གྲོལ་བ་ལ་མི་ཕན། བསྟན་པའི་ཞབས་ཕྱིར་མི་འགྲོ། རང་གྱི་རྒྱུད་ལ་ཞེ་སྡང་བསྐྱེད་པ་ཙམ་ལས་སྔགས་ཀྱི་ཆོ་ག་ཡང་དག་པར་མི་འགྲོ། སྔོན་ཆད་བདག་ལོ་ཆུང་བའི་སྐབས་སུ། མགོ་ལོག་སྨར་ཁོག་ལུང་པར། རང་ཉིད་ཀྱི་སྡེ་ཚོ་ཧོར་སྐོར་མ་ཞེས་པས་དབྱར་ཁ་ཞིག་ལ་ལོ་རེའི་སྤྱི་སྲུང་ཞེས་པར། བླ་སེར་མི་ཉུང་བ་གདན་དྲངས། མགོན་པོའི་ཆོ་ག་དང་བདུད་འདུལ་ཕུར་པ་སྨད་ལས་བཟློག་སྟོང་དང་བཅས་འདོན་བྱུང་། སྐབས་དེར་གཏེར་ཆེན་རིན་པོ་ཆེ་དང་ཕན་ཚུན་ཆོས་འབྲེལ་ཡོད་པའི་བླ་མ་ཡེ་ཤེས་དབང་ཕྱུག་གམ་ཀུན་གྱིས་ཡག་དབང་ཞེས་འབོད་པའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དེ་ཕེབས་པ་དྲན། སྐབས་ཤིག་ལ། ཁོང་གིས་འུ་ཅག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཛིན་ནས་ཆོ་ག་འདི་དག་གཏོང་དགོས་ཀྱི། གཞན་དུ་ཉིན་གང་པོར་སོད་སོད་རྒྱོབ་རྒྱོབ་ཀྱི་ཚིག་བཟླས་ནས་ངན་སྔགས་མཐུ་དམོད་གཏོང་བ་དང་འདྲ་བར་འགྱུར་ཉེན་ཆེ་ཞེས་གསུངས་སོང་། དེས་ན་རང་རེ་ཐེག་ཆེན་གསང་སྔགས་ཀྱི་སྒོར་ཞུགས་ཟིན་པའི་ཆོས་པར་འདོད་པ་དག་གིས། ཆོས་དང་འཇིག་རྟེན་གྱི་ལས་ཅི་རྩོམ་ཡང་། འགྲོ་བ་གཞན་ལ་སྙིང་གཏིང་ནས་བྱམས་པ་སྒོམ་དགོས་པ་མ་ཟད། བྱམས་པ་དོར་ན་སྔགས་ཀྱི་རྩ་ལྟུང་དུ་འགྱུར་ཏེ། སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །བཞི་པ་ཕོག་པ་མཐོལ་ལོ་བཤགས། །ཞེས་གསུངས། དམིགས་བསལ་དུ། གང་ཟག་སྡིག་ཅན་མ་རུངས་པ་དམ་ཉམས་ཞིང་བཅུ་ཚང་བའི་དགྲ་བོ་བསྟན་པ་ལ་གནོད་ཚབས་ཆེ་བ་མཐོང་ན། གསང་སྔགས་པ་དག་གིས་བསྟན་པ་དང་འགྲོ་བ་ལ་ཕན་པའི་ཆེད་དུ་དེ་བསྒྲལ་དགོས་པས། གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །བཅུ་པ་ཕོག་པ་མཐོལ་ལོ་བཤགས། །ཞེས་གསུངས། འདིར་གདུག་པ་ཅན་ལ་བྱམས་པ་བྱེད་མི་ཉན་པར་བསྟན་པ་ནི། ལུས་ངག་གིས་ཁོ་ལ་མཛའ་བོ་བྱེད་པའམ། དེ་བསྒྲལ་བའི་ལས་ལ་མི་འཇུག་པར་སྣང་མེད་དུ་འཇོག་ན་རྩ་ལྟུང་དུ་འགྱུར་བར་གསུངས་ཀྱི། དེ་ལ་སྙིང་ནས་བྱམས་པ་སྒོམ་མི་ཉན་པར་གསུངས་པ་ག་ལ་ཡིན། དེ་ལ་ནང་གསེས་སུ། མོས་པ་སྤྱོད་པའི་དུས་སུ་མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་མར་མ་གྱུར་པ་མེད་པར་རྟོགས་ནས་དེ་དག་ལ་བྱམས་པ་ནི་སེམས་ཅན་ལ་དམིགས་པ་དང་། མ་དག་ས་བདུན་དུ་རང་བཞིན་གྱིས་གྲུབ་པའི་ཆོས་ཤིག་གང་དུའང་མ་མཆིས་ཀྱང་། དེ་ལྟར་མ་རྟོགས་པར་གཟུང་འཛིན་འཁྲུལ་བའི་ཨ་འཐས་ཀྱིས་བཅིངས་པའི་འགྲོ་བ་རྣམས་ཆོས་ཀྱི་སྒོ་ནས་ཕན་བཏགས་ནས་གནས་ལུགས་རྟོགས་པར་བྱེད་སྙམ་པའི་བྱམས་པ་ནི་ཆོས་ལ་དམིགས་པ་དང་། ས་བརྒྱད་པ་ཡན་ཆད་དུ་རྣམ་རྟོག་གི་བཅོས་རྩོལ་ལ་མ་ལྟོས་པར་ཉི་མ་ལས་འོད་ཟེར་འབད་མེད་དུ་འཆར་བ་ལྟར་བྱམས་པ་སྟེ་དམིགས་པ་མེད་པའི་བྱམས་པ་བཅས་གསུམ་ཡོད། བྱམས་པ་བསྒོམས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། རྒྱལ་བའི་གསུང་རབ་དང་མཁས་པའི་བསྟན་བཅོས་རྣམས་སུ་དེའི་སྐོར་མང་དུ་གསུངས་ཟིན་པ་དག་ལ་ཐོས་བསམ་བྱ་འོས། འདིར་རང་ཅག་གི་རྒྱུད་ལ་དེའི་ཕན་ཡོན་ལ་ངེས་ཤེས་དང་། དེ་སྒོམ་པ་ལ་སྤྲོ་བ་བསྐྱེད་པའི་སླད་དུ་ལུང་རེ་ཟུང་འདྲེན་ན། ཐར་པ་ཆེན་པོའི་མདོ་ལས། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དག་ནི་བསྲུང་བ་བས། །སྐྱེས་བུའི་སྐད་ཅིག་དགའ་བ་ཙམ། །དེ་བས་བྱམས་པ་སྤྱད་པ་མཆོག །གང་གིས་འཇིག་རྟེན་ཁམས་འདི་རུ། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་འོས་ཀྱང་། །བྱམས་སེམས་དེ་ཡིས་འཕྲལ་དུ་འབྱངས། །ཞེས་གསུངས་པ་ལྟ་བུ་ཚད་ལྡན་གྱི་ལུང་མང་ཡང་། ཚིག་བརྒྱ་དོན་གཅིག་ཏུ་འདྲིལ་ན། བྱམས་པ་སྒོམ་པ་ལ་ཕན་ཡོན་ཚད་མེད་པ་ཡོད་དེ། རང་ཉིད་ཀྱི་བློ་སེམས་ཞེ་སྡང་གིས་མི་གནོད་པར་བདེ་ལྷོད་དུ་གནས་པ་དང་། རང་གཞན་བར་གྱི་འཁོན་འཛིན་གནོད་སེམས་རྣམས་ཞི་ནས་ཀུན་དང་མཐུན་པ་དང་། གཞན་དོན་འགྲུབ་པ་ལ་གེགས་དང་བར་ཆད་ཞི་ནས་འགྲོ་བ་མང་པོར་ཕན་འདོགས་ནུས་པ། རང་གི་རྒྱུད་ལ་ཚོགས་རྒྱ་ཆེན་པོ་བསགས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པས། རང་རེ་ཐེག་ཆེན་པ་དག་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཡན་ལག་ཏུ། ཡིད་ལ་རྟག་ཏུ་འགྲོ་བ་ཡོངས་ལ་རིས་སུ་མ་ཆད་པར་བྱམས་པ་བསྒོམས་ཏེ། དགོས་པ་དམིགས་བསལ་བ་རེ་ཡོད་ན་མ་གཏོགས། ཉིན་རེ་བཞིན་དུ་ལུས་ངག་གིས་ཀྱང་གཞན་ལ་བྱམས་པའི་རྣམ་འགྱུར་སྟོན་དགོས་པས། སྤྱོད་འཇུག་ལས། མིག་གིས་སེམས་ཅན་ལྟ་ན་ཡང་། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །ཞེས་གསུངས། དཔེར་ན་གཏེར་ཆེན་རིན་པོ་ཆེའི་སྐུ་གོང་མ་སྟེ། དགོན་པ་བླ་མ་སྐུ་ཕྲེང་གཉིས་པ་བློ་བཟང་ནོར་བུ་ཁོང་ནི། ཆུང་དུས་ནས་སྔོན་གྱི་བག་ཆགས་བཟང་པོ་སད་པའི་མཐུ་ལས། ཐུགས་རྒྱུད་བྱམས་སྙིང་རྗེས་རབ་ཏུ་ཕྱུག་པས། སྐུ་ཚེ་གང་པོར་ཞེ་སྡང་དང་ཁོང་ཁྲོའི་རྣམ་རྟོག་རང་མཚན་པ་སྐྱེ་མ་མྱོང་བར་གྲགས། ཁོང་གིས་མི་སུ་ལ་འཕྲད་ན་ཡང་། སྤྲང་ཕྱུག་ཕོ་མོ་རྒན་གཞོན་སྐྱ་སེར་གྱི་དབྱེ་བ་མེད་པར་ཚང་མར་ཐུགས་བརྩེ་བ་གནང་བར་མ་ཟད། གཞན་ལ་ཚིག་རྩུབ་དང་བཀའ་བཀྱོན་གནང་མ་མྱོང་བར་གྲགས། ཉིན་ཞིག་ལ། ཁོང་གིས་འཁོར་གྱི་གྲྭ་པ་རྣམས་ལ། ཁོང་ཁྲོ་ཁོང་ཁྲོ་ཟེར་བ་དེ་ཅི་ཞིག་རེད། གང་འདྲ་ཡོད་དམ་ཞེས་དྲིས་པའི་ལོ་རྒྱུས་ཡོད་པ་ལྟ་བུ་དང་། བདག་ལ་སྙན་བརྒྱུད་རྫོགས་པ་ཆེན་པོའི་ལུགས་ལྟར་དུ་རིག་པ་བཅར་ཕོག་གི་ཚུལ་དུ་ངོ་སྤྲོད་ཀྱི་གདམས་པ་རིན་པོ་ཆེ་གནང་བའི་བླ་མ་བཀའ་དྲིན་ཅན་སྐྱ་བླ་མ་གར་དབང་ངམ་སྤྲུལ་པའི་གཏེར་ཆེན་པདྨ་གར་གྱི་དབང་ཕྱུག་ཁོང་ནི་རྟག་ཏུ་ཐུགས་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་། མི་ཡོད་ཚད་ལ་བྱམས་བརྩེ་གནང་བཞིན་ཡོད་པས། ཁོང་གི་དྲུང་དུ་བསྡད་ཚེ་རང་གར་མི་ཕལ་པ་ཞིག་གི་ཟུར་དུ་བསྡད་པ་དང་མི་འདྲ་བར། བྱམས་བརྩེའི་མངའ་བདག་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དྲུང་དུ་སྡོད་བཞིན་པའི་སྣང་བ་འགོག་མེད་དུ་འཆར་འོང་བ་ཡོད། ཁོང་དག་པའི་ཞིང་དུ་ཕེབས་ནས་ཡུན་རིང་ཟིན་ཀྱང་། བླ་མའི་རྣལ་འབྱོར་སྐབས་སུ་ཁོང་གི་ཞལ་བསྒོམས་ནས་གསོལ་བ་འདེབས་ཚེ། ཁོང་གི་སྐུ་རང་ཡིད་ལ་ས་ལེར་ཤར་ནས། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ཞལ་འཛུམ་ཞིང་། རྗེས་སུ་བཟུང་སོང་སྙམ་པའི་ཉམས་དང་བཅས་རང་སེམས་དེ་གནས་སྐབས་སུ་བདེ་ལྷོད་དུ་འགྲོ་བའི་ཉམས་འབྱུང་ནུས། དེ་ལྟ་བུའི་སྔོན་བྱོན་གྱི་རིག་པ་འཛིན་པ་དང་། སར་གནས་ཀྱི་སེམས་དཔའ་ཆེན་པོ་དམ་པ་དག་གི་རྣམ་པར་ཐར་པ་ཡིད་ལ་བཅངས་ནས། དེ་དག་གི་གཞན་ཕན་ཀྱི་མཛད་སྤྱོད་རྨད་དུ་བྱུང་བའི་རྗེས་སུ་རང་ཅག་གིས་ཅི་ནུས་བསླབ་པར་བྱ། སྙིང་རྗེ་ཚད་མེད་ནི། སྤྱིར་བྱང་ཆུབ་སེམས་ནི་སྙིང་རྗེའི་རང་བཞིན་དང་མ་བྲལ་བ་ཡིན་པས། རང་རྒྱུད་ལ་སྙིང་རྗེ་རྣལ་མ་ཞིག་མ་སྐྱེས་བར་དུ་སེམས་བསྐྱེད་ཚད་ལྡན་མི་འབྱུང་། ཐེག་པ་ཆེན་པོའི་སྙིང་རྗེ་ནི་འགྲོ་བ་མཐའ་དག་ལ་དམིགས་ནས། དེ་དག་སྡུག་བསྔལ་སྣ་ཚོགས་ལས་གྲོལ་བར་འདོད་པའི་བློ་ཡིན་པས། བློ་འདི་མེད་ན་འཁོར་བ་དང་དུ་ལེན་པའི་སྙིང་སྟོབས་མི་སྐྱེ་ཞིང་། འཁོར་བའི་སྡུག་བསྔལ་ལ་ཞེད་ཅིང་རང་ཉིད་གཅིག་པུའི་ཞི་བདེ་ལ་གཞོལ་བའི་སྐྱོན་འབྱུང་བར་འགྱུར། འཁོར་བ་དང་དུ་ལེན་པའི་བློ་རྣལ་མ་མེད་ན་སེམས་བསྐྱེད་ཚུལ་མེད་པས། སྔོན་ཆད་རྒྱལ་སྲས་ལྷ་རྗེས་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་ཕྱག་བཙལ་ཏེ། འཁོར་བའི་སྡུག་བསྔལ་དེ་ཙམ་དང་ལེན་པས། །སྐྱེ་བ་འདི་ཡིས་ཆོད་པར་ཐུགས་རྗེས་ཟུངས། །ཞེས་ཞུས་པ་ན། སློབ་དཔོན་ཆེན་པོས། ཁྱོད་ཀྱིས་ང་ལ་སེམས་བསྐྱེད་ཉམས་འཇུག་གམ། །མི་དགའ་མི་དགོས་དམྱལ་བ་ངོ་མཚར་ཆེ། །སངས་རྒྱས་ཀུན་གྱི་བླ་མ་དམྱལ་བ་ཡིན། །བསྟན་པའི་བདག་པོ་ཤཱཀྱ་ཐུབ་པས་ཀྱང་། །དག་པའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། །མ་དག་སྐྱེ་བ་ལྔ་བརྒྱ་བླངས་ཚུལ་བསྟན། །ཞེས་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་འཁོར་བ་མ་སྟོངས་བར་གཞན་དོན་བསྒྲུབ་པའི་སེམས་བསྐྱེད་ཀྱང་། སྐབས་ཤིག་ལ་སེམས་བསྐྱེད་ཉམས་ནས་དབུ་ཚལ་པ་སྟོང་དུ་གས་ཚེ། འོད་དཔག་མེད་བྱོན་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་བྱིན་གྱིས་བརླབས་པའི་ལོ་རྒྱུས་གསུངས་ཏེ། འཁོར་བའི་སེམས་ཅན་རྣམས་ཐུགས་རྗེས་གཏོང་མི་རུང་བའི་བཀའ་སློབ་མཛད། དཔལ་སྤྲུལ་རིན་པོ་ཆེས། ཤེས་རབ་ཆེན་པོས་མྱང་འདས་མངོན་དུ་མཛད། །སྙིང་རྗེ་ཆེན་པོས་འཁོར་བ་དང་དུ་བླངས། །ཐབས་ལ་མཁས་པས་འཁོར་འདས་དབྱེར་མེད་རྟོགས། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་ཀུན་བཟང་བླ་མའི་ཞལ་ལུང་དུ་ཐེག་ཆེན་སེམས་བསྐྱེད་གསུང་སྐབས་སུ་སྙིང་རྗེ་ཆེན་པོས་འཁོར་བ་དང་དུ་ལེན་པའི་ཁྱད་ཆོས་ཀྱི་སྒོ་ནས་རང་ཉིད་ཀྱི་བླ་མར་ཕྱག་འཚལ་བའི་ཤོ་ལོ་ཀ་རྨད་དུ་བྱུང་བ་འདི་གནང་བའི་རྒྱུ་མཚན་ཡང་། ཀློག་ན་བདེ་བའི་ཚིག་སྙན་མོ་ཙམ་བྲིས་པ་མ་ཡིན་པར། དོན་གནད་གལ་ཆེ་འདི་ལྟ་བུ་ལ་ལེགས་པར་གཞིགས་ནས་མཛད། འཁོར་བ་དང་ལེན་བྱེད་པ་དེ་སེམས་བསྐྱེད་ཀྱི་གཞི་རྩ་ཡིན་ལ། དེའི་དོན་ནི་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས། ཉན་ཐོས་ལྟར་དུ་དེ་ལ་བཟོད་པ་མེད་ཅིང་སྙིང་ཁམས་ཆུང་ངུར་གྱུར་ནས། དེ་ལ་བྲོས་ནས་མྱང་འདས་འཚོལ་བ་ལྟ་བུ་མ་ཡིན་པར། རང་དང་འཇིག་རྟེན་འདིའི་ཉོན་མོངས་དང་སྡུག་བསྔལ་གྱི་ཕུང་པོ་ལ་མི་འཇིགས་པར། ཐབས་དང་ཤེས་རབ་ཉམས་སུ་བླངས་ཏེ། འགྲོ་བ་གཞན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་གཏན་བདེའི་ལམ་ལ་བཀོད་པའི་ལས་ལ་བརྩོན་སྙམ་པའི་བློ་བཅངས་ནས། འཁོར་བ་ལ་འཇུག་ཅིང་། གཞན་གྱི་སྡུག་བསྔལ་མཐོང་ཚེ། དེ་རྣམས་ལ་གྲོལ་བ་ཐོབ་པའི་ཕྱིར་དུ། འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀྱི་གདོང་བསུས་ནས་ཐད་ཀར་དུ་འགྲོ་བའི་དོན་ལ་འཇུག་པ་ཞིག་ལ་གོ །གལ་ཏེ་སྙིང་རྗེ་མེད་ན་གཞན་གྱི་སྡུག་བསྔལ་ཅི་འདྲ་བར་ཡོད་པ་ཧ་མི་གོ་ཞིང་། གལ་ཏེ་ཕྱོགས་ཙམ་རྟོགས་ནའང་། གཞན་རྣམས་ལ་ཕན་འདོགས་པའི་ཀུན་སློང་རྣལ་མ་སྐྱེ་དཀའ་བས། འཁོར་བ་དང་དུ་ལེན་པའི་བློ་རང་རྒྱུད་ལ་འབྱུང་མི་ནུས་སོ། །གུ་རུ་རིན་པོ་ཆེས། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །ཞེས་དང་། ས་ར་ཧ་པས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །ཞེས་གསུངས་པ་ལྟར། སྙིང་རྗེ་འདི་ཐེག་པ་ཆེན་པོ་སྤྱིའི་གཞུང་ཤིང་དུ་གྱུར་པར་སྔར་གྱི་རིག་པ་འཛིན་པ་ཐམས་ཅད་བཞེད། ཆོས་པ་རྣམ་དག་ཡིན་མིན་ལྟ་བའི་སྒོ་ནས་ཐག་མི་གཅོད་པར། སྙིང་རྗེ་ལྡན་དང་མི་ལྡན་གྱི་སྒོ་ནས་ཐག་གཅོད་དེ། ཆོས་པ་རྣམ་དག་ཡིན་ན་རྒྱུད་ལ་སྙིང་རྗེ་ལྡན་པས་ཁྱབ་ལ། སྙིང་རྗེ་མེད་ན་ཆོས་པ་རྣམ་དག་མ་ཡིན་པས་ཁྱབ། རང་རེའི་སྔོན་བྱོན་གོང་མ་རྣམས་ཀྱིས་མདོ་དང་སྔགས་གང་