དཀར་ཆག
དཔེ་དེབ

༄༅། །གཅོད་ཡུལ་ཚོགས་བསགས་དངོས་གྲུབ་དགའ་སྟོན་གྱི་དོན་འགྲེལ་ཆོས་སྐུའི་གསང་ཚིག་ཅེས་བྱ་བ་བཞུགས་སོ། །

གྲལ་མགོར་བཞག་པའི་ལུགས་སྲོལ་ཞིག་དར་འདུག་ཀྱང་། དོན་དུ་བསོད་ནམས་ཆེ་ཚུལ་ཡང་མ་གོ་བར་འདུག་སྟེ། ངེས་འབྱུང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ལྡན། ཆོས་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས། ཐོས་བསམ་སྒོམ་གསུམ་ལ་བརྩོན་འགྲུས་ཆེ་མཁན་ཚོ་བསོད་ནམས་ཆེ། སྔོན་གྱི་དམ་པ་འགའ་རེས་ལྷུང་བཟེད་ཁ་སྦུབས་པའི་སྟེང་དུ་མཆོད་རྟེན་བརྩིགས་ནས་འདོད་ཡོན་ལ་མནན་པ་མཛད་པ་ལའང་རྒྱུ་མཚན་རེ་ལོས་ཡོད། བོད་གངས་ཅན་པའི་ནང་ན་མི་བསོད་ནམས་ཆེ་ཤོས་ཚོ་སུ་རེད་ཟེར་ན། རྗེ་བཙུན་མི་ལ་རས་པ། ཀློང་ཆེན་རབ་འབྱམས། རྫ་དཔལ་སྤྲུལ་རིན་པོ་ཆེ་སོགས་རེད། ཁོང་རྣམས་ནི་སྐུ་ཚེ་གང་པོར་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་ཆོས་ལ་དཀའ་བ་སྤྱད་དེ། སྙན་གྲགས་བཀུར་སྟི་སྒྱུ་མའི་ལྟད་མོ་ལ་མི་རེ་བར། བསྟན་དང་འགྲོ་བར་སྨན་པའི་རླབས་ཆེན་གྱི་སྤྱོད་པ་འབའ་ཞིག་བསྐྱངས་པ་ལས། ཚོང་པ་བཞིན་དུ་རང་དོན་ཁོ་ན་གཙིགས་སུ་བཟུང་ནས་རྒྱུ་ནོར་ཅི་ནུས་ཀྱིས་གསོག་པའམ། འདོད་ཡོན་གང་ཆེ་ལ་རོལ་ཨེ་ཐུབ་མཛད་རབས་མེད། དེས་ན། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པས། གྲོང་ཆོག་སྲི་གསོ་འདྲེ་འདུལ་ལ་སོགས་པ། །ཡོན་ཏན་སྐྱེ་བོའི་དབུས་སུ་བྲིན་གྱུར་ཀྱང་། །ཟས་ནོར་སྲེད་པས་བདག་བློ་བདུད་ཀྱིས་ཁྱེར། །དགོས་མེད་བརྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་རང་ཅག་ཕྱི་རབས་པ་རྣམས་ལ་ཐུགས་བརྩེ་བའི་སྒོ་ནས་གནང་བའི་གདམས་པ་འདི་ཉིད། གཅོད་པ་དང་རྫོགས་ཆེན་པ། སྒོམ་ཆེན་རྣལ་འབྱོར་པར་ཁས་འཆེ་བ་དག་གིས་ཅིས་ཀྱང་རང་ཉིད་ཀྱི་བློ་ལ་འཇོག་དགོས། ཡང་ཡུལ་དངོས་པོ་མི་སྡུག་པ་དང་། མི་གཙང་བ། མི་མཛེས་པ། མི་སྙན་པ། མི་སྡུག་པར་སྣང་བ་བཞིན་དུ་དེ་དག་ལ་ཞེན་འཛིན་སྐྱེས་ནས། ཞེ་སྡང་བ་དང་འཇིགས་སྐྲག་ལ་སོགས་ཤར་ཏེ་ཡིད་མི་བདེ་བར་གྱུར་པའང་བདུད་འདིའི་ཁོངས་སུ་གཏོགས། འཁོར་བའི་གནས་སུ་རང་རེ་རྣམས་ཀྱི་རྣམ་རྟོག་དང་སྡུག་བསྔལ་མང་པོ་ནི་བདུད་འདིའི་སྟོབས་ལས་བྱུང་སྟེ། རང་ཉིད་ཀྱི་ལུས་དང་། བྱད་བཞིན། གནས་ཁང་། ཡོ་བྱད་ལོངས་སྤྱོད་ཁོར་ཡུག་རྣམས་མི་སྡུག་པའམ་ངན་པར་སྣང་ཞིང་། རྣམ་རྟོག་དེའི་རྗེས་སུ་འབྲངས་ནས། ཡིད་མི་བདེ་བར་གནས་པ་ལྟ་བུའམ། མི་གཞན་ནད་ཀྱིས་བཏབ་པ་དང་། དབང་པོ་མི་ཚང་བ་རྣམས་ཡིད་དུ་མི་འོང་བར་སྣང་སྟེ། དེ་དག་ལ་སྐྱུག་བྲོ་ཞིང་ཞེ་སྡང་སྐྱེས་པ་ལྟ་བུའོ། །མདོར་ན་བདུད་དེའི་ལས་ནི་རང་རེར་ཕྱིའི་སྣང་བ་བཟང་བ་དང་མཆོག་དང་མཛེས་པར་བསྟན་ནས་ཡིད་བསླུ་བར་བྱེད་པའམ། ཕྱིའི་སྣང་བ་དག་མི་སྡུག་པ་དང་དམན་པར་བསྟན་ནས་ཡིད་སྐྱོ་བ་དང་སྐྲག་པར་བྱེད་པ་ཡིན། འོན་ཀྱང་ཞིབ་ཏུ་དཔྱད་ཚེ། བདུད་དེ་ཁ་དོག་གཟུགས་དབྱིབས་སོགས་ཀྱི་དངོས་པོས་སྟོང་ཞིང་། དོན་དུ་རང་གི་སེམས་ཀྱི་རྩལ་ལས་བཟང་ངན་གང་དུའང་ལོགས་སུ་མ་གྲུབ་བོ། །ཐོགས་མེད་ཀྱི་བདུད་ནི། དབང་པོའི་ཡུལ་དུ་དངོས་སུ་མ་གྱུར་ཀྱང་། སེམས་ཀྱི་རྒྱ་མཚོའི་ནང་དུ་རྟོག་ཚོགས་ཀྱི་རྦ་རླབས་དྲག་ཏུ་ལྡང་ནས། ལྷ་འདྲེ་དང་། བཟང་ངན། མཆོག་དམན་སོགས་དོན་དུ་མ་གྲུབ་པའི་སྒྱུ་མའི་འཁྲུལ་སྣང་ལ་ཞེན་འཛིན་བྱུང་བ་སྟེ། ཞིབ་ཏུ་ཆོས་ཉིད་ཀྱི་རིགས་པས་དཔྱད་ན་དེ་དག་དངོས་སུ་གྲུབ་པའི་ཆ་རྡུལ་ཙམ་མེད། ལྷ་ཞེས་མཆོག་ཏུ་འཛིན་པ་དེ་ཡང་དོན་དུ་ཕྱི་ནང་གང་དུའང་མ་གྲུབ་བཞིན་དུ། བློས་ཕར་བཏགས་པ་འབའ་ཞིག་ལས་མ་འདས། ལྷའི་ལྡོག་ཕྱོགས་འདྲེ་ཞེས་ངན་པར་བརྩི་བ་དེ་ཡང་བློས་བཏགས་པ་ཙམ་ལས་མ་གྲུབ། དེ་ལྟར་མ་རྟོགས་ཚེ། ལྷ་ཞེས་བཟང་པོར་བརྩིས་ནས་དགའ་བ། འདྲེ་ཞེས་ངན་པར་བཀར་ནས་འཇིགས་པ་སོགས་རེ་དོགས་ཀྱི་ལྕགས་སྒྲོག་གི་གཟེབ་ཏུ་ཚུད་ནས་ཆོས་ཉིད་མཉམ་པ་ཉིད་ཆེན་པོའི་དོན་ལ་སྒྲིབ་པར་འགྱུར། འགའ་ཞིག་ནི་རྣམ་རྟོག་མང་དྲགས་ནས། སྣང་བ་དགྲར་ལངས། ནང་གི་རྩ་རླུང་འཁྲུགས། འདྲེ་འདི་དང་འདིས་ང་ལ་གནོད་པ་བསྐྱལ་སོང་སྙམ་ནས་སེམས་ཟིང་ངེ་བར་ལུས། མཐོང་སྣང་དང་རྨི་ལམ་ལ་འདྲེ་སྲིན་ཐེའུ་རང་གདུག་པ་ཅན་གྱི་ཆོ་འཕྲུལ་མི་འདྲ་བས་གཟིར་བ་དག་ཀྱང་ཐོགས་མེད་བདུད་ཀྱི་ལས་ཙམ་ལས་གཞན་གང་ཡང་མ་ཡིན། འཇིག་རྟེན་ཕལ་པ་མི་སྐྱ་རྣམས་ལྟ་ཞོག །ཆོས་པའི་ནང་ནས་ཀྱང་ཐེག་པ་མཐོན་པོར་ཞུགས་ཡོད་པར་རློམ་པའི་གསང་སྔགས་པ་དག་གིས་བསྐྱེད་རྫོགས་ཉམས་སུ་ལེན་སྐབས་སུ། ཆོས་ཉིད་ཀྱི་ལྟ་བ་ལ་སྒྲ་སྤྱིའི་གོ་བ་ཙམ་ཡང་མ་ལོན་པའམ། ཉམས་ལེན་གྱི་གནད་འཆུག་ན་ཐོགས་མེད་ཀྱི་བདུད་འདིས་དབང་དུ་འགྲོ་སླ་སྟེ། དཔེར་ན་བསྐྱེད་རིམ་སྐབས་སུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་རྩིས་ཟིན་པའི་ཏིང་ངེ་འཛིན་གསུམ་དང་ལྡན་པའི་སྒོ་ནས་རིམ་པ་དང་པོར་འཇུག་ན་ལེགས་ཀྱི། གཞན་ལྷ་དང་དཀྱིལ་འཁོར་གྱི་རྣམ་པ་ལ་གསལ་ཆ་ལེགས་པོ་རེ་ཐོན། ཞི་བ་དང་དྲག་པོའི་འཛབ་སྔགས་གྲངས་མང་གྱེར་ཡང་། གྱ་ནོམ་ལྷར་ཞེན་གྱི་རྟོག་པ་ཞིག་སྐྱེས་ནས་དེ་གར་ལུས་ཏེ། ས་གར་ཡང་མི་ཆོད། ལམ་གང་དུའང་མི་སླེབས་པར་ཐོགས་མེད་བདུད་ཀྱིས་བསླུ་བའི་ཉེན་ཁ་ཆེ་སྟེ། དཔལ་སྤྲུལ་རིན་པོ་ཆེས་བསྐྱེད་རིམ་ལྷའི་ཁྲིད་ཀྱི་དཀའ་གནད་བཤད་པ་ལས། དེང་སང་བསྐྱེད་རིམ་ལ་གོམས་ཆ་ཅུང་ཟད་བྱས་པ་ཕལ་ཆེར་འཆི་ཁ་ཞེ་སྡང་དྲག་པོ་རེས་གསོས་བཏབ་ནས་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ཏེ་རུ་དྲར་གོལ་ནས་སེམས་ཅན་ལ་གནོད་པ་སྐྱེལ་བ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་མ་གོམས་པའི་རྒྱུ་མཚན་གྱིས་ཡིན་ཞེས་གསུངས། བོད་ཡུལ་སྟོད་སྨད་ཐམས་ཅད་དུ་རྒྱལ་པོ་ཟེར་བའི་འདྲེ་རྒོད་པོ་ཀུན་གྱིས་མིང་ཡང་འབོད་མི་ཕོད་ས་མང་པོ་ཡོད་པ་འདི་ཀུན་སྔོན་ཆད་བླ་མའི་གཟུགས་ཅན་བསྐྱེད་རིམ་གྱི་ཐབས་ལ་མཁས་ཀྱང་། བྱང་ཆུབ་ཀྱི་སེམས་དང་། ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་རྒྱུད་ལ་མ་སྐྱེས་པ་དག་འཆི་ཁར་ཉོན་མོངས་རྣམ་རྟོག་གི་རྐྱེན་རེ་སྣོན་མར་གྱུར་ཏེ། མར་དམྱལ་བར་མ་སོང་། ཡར་ཞིང་ཁམས་སུ་མ་སླེབས་པར་ལྷ་འདྲེའི་རྣམ་པར་སྐྱེས་ནས། སྟོབས་དང་རྫུ་འཕྲུལ་གྱི་ནུས་པ་ཅུང་ཙམ་རེ་ཐོབ། སེམས་དུག་གསུམ་གྱིས་མནར་བཞིན་དུ། སྡོད་མི་བཟོད་པར་རྒྱལ་ཁམས་ཀུན་ཏུ་ཡར་རྒྱུག་མར་རྒྱུག་བྱེད། མི་མང་པོའི་སེམས་ལ་ཞུགས། བླ་ཆེན་དང་དཔོན་པོའི་སྙིང་ལ་འཛུལ། ཕྱིའི་བར་ཆད་ནད་ཡམས། ནང་གི་བར་ཆད་སྨྱོ་འབོག་གཏོང་། མདོར་ན་དོན་མེད་པར་ཀུན་ལ་གླགས་ལྟ་བ་དང་གནོད་པ་གཏོང་མཁན་ཀྱི་ལུས་བླངས་པ་ཡིན། དེ་དང་མཚུངས་པར་འཇིག་རྟེན་གྱི་ཁམས་འདིར་ཡོད་པའི་གྲུབ་མཐའ་ཕལ་མོ་ཆེ་ནི་བློ་ཡིས་བཟོས་པས་དངོས་པོའི་སྡོད་ལུགས་དང་མི་མཐུན་ཡང་། རང་ཅག་རྣམས་ཀྱིས་དེ་དག་ཚད་མར་བཟུང་ནས། གཞན་ལུགས་སྐྱོན་དུ་བལྟ་ཞིང་། རང་ལུགས་ཡང་དག་པར་རློམ། མཐར་སྤྲོས་བྲལ་གྱི་དོན་ལས་རྒྱང་རིང་དུ་འཕྱན་ཏེ་རྟག་ཆད་ཀྱི་མཐའ་རུ་ལྷུང་བར་འགྱུར་བས། ཟབ་མོ་སྤྲོས་བྲལ་གྱི་ལྟ་སྒོམ་འོད་ཟེར་གྱིས་རང་བློའི་ཁུང་བུའི་གཏི་མུག་གི་མུན་པ་མ་བསལ་ན། ནང་པ་སངས་རྒྱས་པའི་གྲུབ་མཐའ་དང་ཐེག་པ་ལའང་དངོས་འཛིན་གྱི་བློའི་ཞེ་འདོད་བྱུང་ནས། ཉོན་མོངས་པའི་རྒྱུར་འགྲོ་བས་ན། ཕར་བལྟས་ན་ཆོས་ལྟར་སྣང་ཡང་། དོན་དུ་ཐོགས་མེད་བདུད་དུ་གྱུར་ཟིན་པས། ཀློང་ཆེན་པས། གང་ལ་སྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་ལ་སྲིད་ཡོད་འཁོར་བའི་སྡུག་བསྔལ་ཡོད། །གང་ལ་ཆོས་ཡོད་ཐེག་པའི་ཞེ་འདོད་ཡོད། །དེ་ལ་ཉོན་མོངས་གཟེབ་ཡོད་འཆིང་བྱེད་ཡོད། །ཅེས་གསུངས། གཞན་ཡང་ལུས་ལ་ན་ཚ་མེད་ཅིང་། བཟའ་བཏུང་གོས་རྒྱན་གྱི་ལོངས་སྤྱོད་རོལ་བཞིན་དུ། སྔོན་འདས་ཟིན་པའི་དོན་ལ་རྗེས་དཔྱོད་དང་། མ་འོངས་པའི་དོན་ཅི་འབྱུང་སུས་ཀྱང་ཧ་མི་གོ་ནའང་དེའི་སྔོན་བསུ་བྱས་ནས། རང་གི་ཡིད་རེ་དོགས་ཀྱིས་མནར། ཉིན་མོར་རྣམ་རྟོག་གི་དྲྭ་རྒྱར་ཚུད། མཚན་མོར་སེམས་སྡུག་གིས་མནར་ནས་གཉིད་མི་ཁུག །འདོད་ཡོན་ཇི་ལྟར་སྤྱད་ཀྱང་མི་ཚིམ་པར། ཉིན་རེ་བཞིན་དུ་ཉོན་མོངས་པའི་འཆར་སྒོ་གྲངས་མེད་པ་ཞིག་ཤར་ནས། རང་རེའི་ཡིད་ལ་སྡུག་བསྔལ་ཆེ་ཆུང་གཅིག་རྗེས་གཉིས་མཐུད་དུ་ཟམ་མ་ཆད་པར་འབྱུང་བཞིན་པ་འདི་ནི་ཐོགས་མེད་བདུད་ཀྱི་དབང་དུ་སོང་བའི་རྟགས་མ་ནོར་བ་ཡིན། དེང་སྐབས་འཇིག་རྟེན་གྱི་མིའི་ནང་རོལ་དུ་སྔོན་བསགས་ཀྱི་ལས་དཀར་པོ་ཕྲན་བུ་རེ་ཙམ་མངོན་དུ་གྱུར་པའི་སྟོབས་ཀྱིས། རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཛོམས་ཀྱང་། ནང་སེམས་ལ་སྡུག་བསྔལ་སྣ་ཚོགས་པ་འབྱུང་བཞིན་པ་ཤིན་ཏུ་མང་ལ། དེ་དག་ནི་ཐོགས་མེད་བདུད་འདིའི་དབང་དུ་སོང་བས་ལན་ནོ། །དགའ་བྲོད་ཀྱི་བདུད་ནི། རྒྱུ་ནོར་ལོངས་སྤྱོད་འཛོམས་པ་དང་། གཟུགས་མཛེས་པ། སྐད་སྙན་པ། ཡོན་ཏན་ཆེ་བ། གཉེན་མང་བ། མདོར་ན་གྲགས་སྙན་རྙེད་བདེ་སོགས་རང་ལ་འབྱོར་བར་མཐོང་བས། དེ་དག་བདེན་པར་བཟུང་ནས་དགའ་བྲོད་སྐྱེས་པའམ། འཇིག་རྟེན་པའི་བསམ་གཏན་གྱི་སྟོབས་ཀྱིས་མངོན་ཤེས་ཐོབ། ལྷ་མཐོང་ཞིང་འདྲེ་འདུལ་ནུས་པའི་ཉམས་སྣང་འཆར་ནས། རང་ཉིད་གཞན་ལས་འཕགས་པའི་གང་ཟག་ཏུ་རློམ་ཞིང་། གཞན་རྣམས་ཀྱིས་བརྩི་བཀུར་བྱེད་ཅིང་འབུལ་བ་སྟོབ་པ་རྣམས་ལ་ཞེ་ཆགས་ཤིང་དགའ་བདེ་འཆར་བ་དག་ཡིན། རང་ཅག་གི་མི་ཚེའི་ནང་ལ་ཕྱི་ནང་གི་རྒྱུ་རྐྱེན་འདུས་པའི་དབང་གིས་དགའ་སྡུག་གི་སྣང་བ་སྣ་ཚོགས་འབྱུང་བཞིན་ཡོད་པས། སྐབས་སྐབས་སུ་ཕྱིའི་མཐུན་རྐྱེན་རྒྱུ་ནོར་དབང་ཐང་རྣམས་བྱུང་བའམ། ཐ་ན་ལམ་ཁ་ནས་མི་གཅིག་གིས་ངོ་སྲུང་གི་ཆེད་དུ་ང་ཚོར་བསྟོད་ཚིག་སྟོང་པ་བྲག་ཆ་ལྟ་བུ་རེ་སྨྲས་ཀྱང་། དེ་ལ་བདེན་ཞེན་སྐྱེས་ནས་མྱུར་དུ་སེམས་སྐྱིད་ལྷང་ལྷང་ཞིག་ཤར་རྒྱུ་ཡོད་པ་འདིའང་དགའ་བྲོད་ཀྱི་བདུད་ལས་འགྲོ་ས་མེད། སྔོན་རྫ་དཔལ་སྤྲུལ་རིན་པོ་ཆེར་བླ་མ་གཞན་ཞིག་གིས་ཁོང་ལ་བསྟོད་བསྔགས་བྱས་པའི་ཚེ། མིང་གཞི་ལ་འཇུག་པ་བདུད་ཀྱི་ལས་ཡིན་གསུངས་ནས་ཐུགས་མི་དགྱེས་པའི་ཚུལ་མཛད་པར་གྲགས། དེ་ནི་སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས་མི་གཟུགས་སུ་བྱོན་པ། མཁས་པ་དང་གྲུབ་པའི་དབང་ཕྱུག་ཆེན་པོ་ཁོང་ཉིད་ལ་ཕྱི་ནང་གསང་བའི་ཡོན་ཏན་ཚད་མེད་པ་མི་ལྡན་པ་མ་ཡིན་པར། དགའ་བྲོད་བདུད་ཀྱི་དབང་དུ་མི་འགྲོ་བའི་ཆེད་དུ་ཁེངས་སྐྱུང་མཛད་པ་ཡིན། ས་མཐོན་པོར་གཤེགས་པའི་དམ་པའི་སྐྱེས་བུ་ཁོང་ལྟ་བུས་བདུད་འདིའི་དབང་དུ་མི་འགྲོ་བའི་ཆེད་དུ། དྲན་ཤེས་བརྟན་པོའི་སྒོ་ནས་ཁེངས་སྐྱུང་གནང་ན། རང་རེ་ཐ་མལ་པ་ཆོས་པའི་གཟུགས་ཅན་དག་གིས་རྒྱུན་ཏུ་རང་རྒྱུད་ལ་བརྟགས་ཏེ། ཡེངས་པ་མེད་པར་བདུད་འདིའི་བྲན་གཡོག་ཏུ་མི་ལྷུང་བར་བརྩོན་པ་ནི་ཐར་པ་འདོད་པ་ལ་མེད་དུ་མི་རུང་བའི་ཐབས་དམ་པ་ལགས། སྒོམ་ཆེན་པ་དང་ཆོས་པ་ཚོས་རང་གི་ཉམས་ཡ་མཚན་པ་རེ་བདེན་པར་བཟུང་ནས། རང་ཉིད་རྟོགས་པ་མཐོན་པོ་ཐོབ་པའམ། སོ་སྐྱེ་ལས་འཕགས་པའི་སར་སླེབས་ཡོད་སྙམ་སྟེ། ནང་དུ་ཡིད་དགའ་ལྷང་ངེ་དང་། ཕྱི་རུ་ངོ་འཛུམ་མུལ་ལེ་ཞིག་ཡོང་བ་འམ། རྨི་ལམ་དང་ཉམས་སྣང་ཉི་ཚེ་བ་རྣམས་ཀྱི་རྗེས་སུ་འབྲངས་ཏེ། ང་ལ་ལྷ་དང་མཁའ་འགྲོས་ཞལ་གཟིགས་དང་ལུང་བསྟན་གནང་སོང་སྙམ་སེམས་དགའ་ཞིང་། བསྟན་བཅོས་སྣ་ཚོགས་འབྲི་སྙིང་འདོད་པའམ། འདས་དང་མ་འོངས་པའི་ཤིན་ཏུ་ལྐོག་གྱུར་གྱི་དོན་རྣམས་མངོན་ཤེས་ཡོད་ཚུལ་གྱིས་གཞན་ལ་བསྒྲག་པ་རྣམས་རང་གཞན་ཀུན་གྱིས་ཤིན་ཏུ་གཟབ་པའི་གནས་སུ་འཛིན་པར་བྱ་འོས། དགའ་བྲོད་ཀྱི་བདུད་འདི་མི་འགྲོ་ས་དང་མི་འགྲོག་པའི་མི་གང་ཡང་མེད་པས། རྒད་པོས་ཚོང་བྱེད་སའི་ཁྲོམ་ར། རྒྱལ་པོས་གཏམ་བཤད་སའི་ཕོ་བྲང་། བླ་མས་ཆོས་གནང་སའི་འདུ་ཁང་ཚུན་ཆད་ལ་སླེབས་ཡོད། དེས་ན་དྲན་ཤེས་ཀྱི་གོ་ཆ་དང་བྲལ་ཚེ། སྐྱིད་མདོག་དང་བདེ་མདོག་གིས་ཇ་འཐུང་ཟས་ཟ་སྟོན་མོ་བཤམས་ཆོས་སྒྲ་སྒྲོག་བཞིན་དུ། སྐྱ་སེར་བན་བོན་བླ་སློབ་དཔོན་གཡོག་གི་ཁྱད་པར་མེད་པར་བདུད་ཀྱི་ཞགས་པ་སྐེ་ལ་འདོགས་ཡོད་པ་ཧ་མ་གོ་བར་གནས་སྲིད་དོ། །སྙེམས་བྱེད་ཀྱི་བདུད་ནི། བདུད་ཀྱི་དཔུང་ཚོགས་ལ་ཆེ་འབྲིང་ཆུང་གསུམ། མཆོག་བར་དམན་གསུམ། མཐོ་བ་དཔོན་བློན་གྱི་རིགས། བར་བ་འབངས་ཀྱི་རིགས། དམའ་བ་བྲན་གཡོག་སོགས་ཡོད་པ་ལ། དེ་དག་ཐམས་ཅད་ཀྱི་རྒྱལ་པོ་ནི་སྙེམས་བྱེད་ཀྱི་བདུད་ཅེས་བྱ་བ་ཡིན་ལ། འདི་གཅོད་ནུས་ན་བདུད་གཞན་ཐམས་ཅད་གཅོད་སླ་ལ། འདི་གཅོད་མ་ནུས་ན་བདུད་གཞན་གཅོད་དཀའ་བས། ནད་བཅོས་པ་ལ་ནད་ངོས་འཛིན་དགོས་པའི་དཔེ་ལྟར་དུ། དང་པོར་གཅོད་པ་ཕོ་མོ་རྣམས་ཀྱིས་གོ་ཡུལ་ཙམ་དུ་མ་ལུས་པར་བློ་ཁ་ནང་དུ་བལྟས་ཏེ་བདུད་འདི་ཐད་ཀར་དུ་ངོས་འཛིན་དགོས་ཀྱི། ངག་ཐོག་ཏུ་བདུད་འདིའི་མཚན་ཉིད་འདི་དང་དེའོ་ཞེས་སྨྲ་མཁས་ཀྱང་། སོ་ཁ་གཞར་བའི་སྟ་རེས་དུག་སྡོང་གཅོད་མི་ནུས་པ་བཞིན་དུ་ཚིག་སྟོང་གི་འུད་སྒྲ་སྒྲོག་པ་ཁོ་ན་ལས་རང་རྒྱུད་ལ་ཅི་ཡང་མི་ཕན། སྙེམས་བྱེད་ཀྱི་བདུད་ཅེས་སྐད་པོ་ཆེ་དེ། མགོ་རྭ་ཅན་དང་། ཁ་ནས་མེ་མཆེད་པ། ལུས་ལ་སྦྲུལ་ཐོགས་པ། ངག་ནས་རྒྱོབ་སོད་གྱི་སྒྲ་སྒྲོག་བཞིན་པའི་སེམས་ཅན་སྡིག་པོ་ཆེ་འཇིགས་སུ་རུང་བ་ཞིག་མ་ཡིན་པར། ད་ལྟ་རང་རེའི་རྒྱུད་ལ་ངའོ་སྙམ་པའི་བདག་འཛིན་གྱི་བློ་འདི་ལ་གོ །ཆོས་ཉིད་ཀྱི་ངོས་ནས་རང་གཞན་དང་ཡུལ་ཡུལ་ཅན་གྱིས་བསྡུས་པའི་ཤེས་བྱ་མཆིས་སོ་ཅོག་བདེན་པར་གྲུབ་པ་རྡུལ་ཙམ་མ་མཆིས་ཀྱང་། གནས་ལུགས་ལ་རྨོངས་པའི་མ་རིག་པའི་དབང་གིས་སྣང་བ་ཐམས་ཅད་བདེན་པར་བཟུང་སྟེ། ད་ལྟའི་ཕུང་པོ་ལྔ་སོགས་ལ་དམིགས་ནས། དེ་ཁ་སང་ནས་དེ་རིང་འདིར་སླེབས་པ། དེ་རིང་ནས་སང་ཉིན་དུ་འགྲོ་བ། ཤར་ནས་ལྷོར་འགྲོ་བ། ནུབ་ནས་བྱང་དུ་སླེབ་མཁན་གྱི་བདག་ཅིག་ཡོད་པ་འདྲ་ཡང་། དོན་དུ་དེ་ལྟ་བུ་ནི་ཕྱི་ནང་བར་གསུམ་གང་དུའང་མ་གྲུབ་པར། འཁོར་བའི་རྨང་རྡོ་བདག་འཛིན་གྱི་ཞེན་ཡུལ་དུ་ཟད་པས། འདི་གཞི་མེད་མ་རྟོགས་བར་དུ་ལུས་ངག་གི་དགེ་བའམ། ཚངས་གནས་བཞི་སོགས་ཏིང་ངེ་འཛིན་ལ་ཇི་ལྟར་གཞོལ་ཡང་། ཚེ་འདིར་མངོན་ཤེས་འགྲུབ་པ་དང་། ཕྱི་མར་མཐོ་རིས་སུ་སྐྱེ་བའི་རྒྱུར་འགྲོ་བ་ཙམ་ལས། ཐར་པ་ཡང་དག་པའི་བདུད་རྩིའི་བཅུད་ལ་རོལ་བའི་སྐལ་བ་ནམ་དུའང་མྱོང་བར་མི་འགྱུར། བདུད་འདི་ནུས་པ་ཤིན་ཏུ་ཆེ་བས། ཁོའི་མངའ་འོག་ཏུ་རང་ཅག་རྣམས་འཁོར་བའི་བཙོན་དོང་དུ་དུས་ཡུན་རིང་པོར་ཀུན་དཀྲིས་དང་སྡུག་བསྔལ་ཀྱི་ལྕགས་སྒྲོག་གིས་བཅིངས་ཟིན་ཀྱང་། བདུད་ཐམས་ཅད་གློ་བུར་གྱི་དྲི་མ་ཉིད་དུ་ཟད་པས། ཆོས་ཉིད་འགྱུར་བ་མེད་པའི་སྟོབས་དང་། ལམ་གྱི་བདེན་པའི་སྟོབས་ཀྱིས་མཐར་དེ་དག་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་སུ་གཅིག་རྗེས་གཉིས་མཐུད་དུ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་འགྲོ་བའི་ཆོས་ཅན་ཡིན། དཔེར་ན་ནམ་མཁའ་ལ་སྤྲིན་ནག་པོ་འཐིབས་ནས་རེ་ཞིག་ཉི་མའི་འོད་ཟེར་བསྒྲིབས་ཀྱང། དེ་ནམ་མཁའི་ཆོས་ཉིད་མ་ཡིན་པས། སྔ་འཕྱི་ཙམ་གྱི་ཁྱད་པར་མ་གཏོགས། ནམ་ཞིག་ན་སྤྲིན་དེ་ཡལ་འགྲོ་བ་བཞིན་ནོ། །དོན་དུ་སྙེམས་བྱེད་བདུད་ཅེས་རང་ངོས་ནས་ནག་པོའི་ཕྱོགས་སུ་གཏོགས་པ་ཞིག་མ་གྲུབ་སྟེ། ཡེ་གཞིའི་རིག་པ་བྱང་ཆུབ་ཀྱི་སེམས་ངོ་བོ་སྟོང་བཞིན་དུ། དེའི་རྩལ་མ་འགགས་པའི་ཀློང་ནས། གཟུང་འཛིན་སྣ་ཚོགས་ཀྱི་སྣང་བ་མངོན་པར་འཆར་བ་རང་སྣང་དུ་མ་རྟོགས་པར། བདེན་པར་བཟུང་བས་འཁྲུལ་བ་ཙམ་ལ་གོ་དགོས་ན། བདུད་ཅེས་རང་རེ་འཇིགས་པའི་ཡུལ་ལམ། ངན་པ་ཞིག་ཏུ་བརྩི་བ་དེའང་དོན་དུ་མ་གྲུབ་པར། དོན་དུ་བདུད་ཀྱི་རྒྱལ་པོ་འཁོར་དང་