དཀར་ཆག
སྙན་མགུར

གཅོད་ཡུལ་རིག་པ་འཛིན་པའི་ཞལ་ལུང་ཞེས་བྱ་བ་བཞུགས།

སྨྲ་བསམ་བརྗོད་བྲལ་ཀུན་ཁྱབ་ཆོས་ཀྱི་དབྱིངས།།
སྐྱེ་དང་འགག་པའི་དྲྭ་བ་ལས་འགོངས་པ།།
ཇི་བཞིན་མཁྱེན་པའི་བདག་ཉིད་ཤེས་རབ་དངོས།།
རྒྱལ་བ་ཀུན་བསྐྱེད་ཡུམ་ཆེན་ལ་ཕྱག་འཚལ།།

རྒྱལ་བ་ཀུན་དངོས་ཨོ་རྒྱན་ཆོས་ཀྱི་རྗེར།།
མི་ཕྱེད་དད་པའི་སེམས་ཀྱིས་གསོལ་འདེབས་ན།།
སྐད་ཅིག་མ་རུ་སེམས་ཉིད་རྟོགས་དང་ལྷན།།
གདན་ཐོག་འདི་རུ་གྲོལ་བར་བྱིན་གྱིས་རློབས།།

མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་མ།།
བདུད་སྡེའི་དཔུང་འཇོམས་རྗེ་བཙུན་ལབ་ཀྱི་སྒྲོན།།
ངེས་དོན་ལེགས་གཟིགས་ཀུན་མཁྱེན་ཀློང་ཆེན་པ།།
གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ལ་འདུད།།

གདོད་མའི་ངང་ལ་ཅི་ཡང་མ་གྲུབ་པས།།
ཐོབ་བྱའི་མྱང་འདས་སྤངས་བྱའི་འཁོར་བ་ཡི།།
མིང་མེད་པས་ན་ལམ་ཞེས་མ་དམིགས་པས།།
བཅིངས་དང་གྲོལ་བའི་རྣམ་གཞག་ག་ལ་སྲིད།།

འོན་ཀྱང་མ་རིག་པ་ཡི་དབང་གྱུར་ཏེ།།
རང་སྣང་གཞན་དུ་བཟུང་ནས་བདེན་འཛིན་གྱིས།།
རྨི་ལམ་ལྟ་བུའི་འཁོར་བ་གྲུབ་པ་དེ།།
ཆོས་ཉིད་མ་རྟོགས་བར་དུ་རྒྱུན་མི་ཆད།།

མེད་ལ་ཡོད་དང་མི་བདེན་བདེན་པ་དང་།།
གཉིས་སུ་མེད་ལ་གཉིས་སུ་འཛིན་པའི་བློ།།
སྡུག་བསྔལ་རྩ་བར་སོང་བའི་སྟོབས་ཆེན་པོ།།
གཅོད་ཡུལ་བ་ཡིས་བདུད་ཅེས་ཐ་སྙད་བཏགས།།

སྔོན་བྱོན་རྫོགས་པའི་སངས་རྒྱས་གྲངས་མེད་པས།།
ཉོན་མོངས་དུག་གསུམ་འདུལ་བའི་གཉེན་པོ་རུ།།
ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་ལ།།
བཟང་ངན་མེད་ཀྱང་མྱུར་བུལ་ཁྱད་པར་ཡོད།།

ལམ་གཞན་སྒོ་ནས་ལོ་བརྒྱར་འགྲུབ་པའི་དོན།།
གཅོད་ཡུལ་བརྟེན་ན་ཞག་གཅིག་གིས་འགྲུབ་ཅེས།།
སྔོན་བྱོན་ཚད་ལྡན་མཁས་པ་རྣམས་གསུངས་པ།།
ཚིག་ཙམ་མ་ཡིན་དངོས་སུ་མྱང་བ་མང་།།

ཕ་རོལ་ཕྱིན་པའི་ལྟ་བ་ཟབ་མོ་དང་།།
གསང་བ་སྔགས་ཀྱི་ཐབས་གཉིས་མཉམ་སྦྱར་བ།།
བདུད་བཞི་རྩད་ནས་གཅོད་པའི་ཆོས་ཀྱི་མཆོག།
ལབ་ཀྱི་སྒྲོན་མའི་ཐུགས་ལས་འཁྲུངས་པ་རྨད།།

གངས་ཅན་ལྗོངས་ཀྱི་གྲུབ་མཐའ་ཐམས་ཕལ་མོ་ཆེས།།
གདམས་པའི་འབྱུང་ཁུངས་མ་ཅིག་ལ་བྱེད་ཅིང་།།
རང་རང་སོ་སོའི་ཐུན་མིན་ལྟ་དགོངས་ལྟར།།
མཐུན་པའི་གཞུང་ཆོག་གྲངས་ལས་འདས་པ་མཛད།།

བཀའ་རྙིང་དགེ་སོགས་ཆོས་བརྒྱུད་ཐ་དད་པའི།།
གཅོད་ཀྱི་ཆོ་ག་ཕྱག་བཞེས་མི་འདྲ་ཡང་།།
ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་གིས།།
བདག་འཛིན་གཅོད་པ་ཆོས་འདིའི་ཡང་སྙིང་བཞེད།།

ཁྱད་པར་རྫོགས་པོ་ཆེན་པོ་གཞིར་བྱས་པས།།
ཨ་ཏིའི་གཅོད་རྣམས་བྱིན་རླབས་རབ་ཆེ་བས།།
ཚུལ་བཞིན་ཉམས་སུ་ལེན་པའི་སྐྱེ་བོ་ཡིས།།
ཚེ་གཅིག་འོད་སྐུར་གྲོལ་བའི་ཆེ་བ་ལྡན།།

སྤྱིར་ན་གཅོད་ལ་ཞུགས་པའི་གང་ཟག་གིས།།
རྟོགས་ལྡན་བླ་མའི་མདུན་ནས་གདམས་ངག་དང་།།
བརྒྱུད་པའི་བྱིན་རླབས་ལེགས་པར་ཐོབ་བྱས་ནས།།
སྔོན་དུ་འགྲོ་བའི་རིམ་པ་སྒྲུབ་པ་གལ།།

དང་པོ་སྟོང་བ་ཉིད་ཀྱི་གནས་ལུགས་ནི།།
ལྟ་བ་ཁ་འབྱམས་ཙམ་དུ་མ་ལུས་པར།།
ཐོས་བསམ་སྒོམ་པས་ལེགས་པར་དཔྱད་པའི་མཐར།།
གོ་བ་རྣལ་མ་སྐྱེ་བ་མེད་མི་རུང་།།

རིག་པ་རྐྱང་འདེད་ཁྲིད་ཚུད་བཞག་ཐབས་དང་།།
ནམ་མཁའ་སྒོ་འབྱེད་སྒོ་ནས་སེམས་ཀྱི་གཤིས།།
གཞི་མེད་རྩ་བྲལ་ཟང་ཐང་ཆེན་པོ་རུ།།
རྟོགས་ཚེ་བདུད་བཞི་གཅོད་ལ་དཀའ་བ་མེད།།

གཅོད་ཡུལ་སྐྱེ་མེད་དོན་དམ་ཆོས་དབྱིངས་སུ།།
བདག་མེད་རྟོགས་པའི་ཤེས་རབ་རལ་གྲི་ཡིས།།
བདུད་བཞིའི་འཆིང་རྒྱ་ཐད་ཀར་གཅོད་པ་ན།།
ད་གཟོད་གཅོད་ཀྱི་མཚན་ཉིད་ཚང་བ་ཡིན།།

ལྟ་ན་སྡུག་དང་མི་སྡུག་གཟུགས་སྣ་ཚོགས།།
ལུས་ཀྱི་རྒྱན་ཆ་ཁང་ཁྱིམ་ལ་སོགས་པ།།
དགའ་དང་མི་དགའ་སྐྱེ་བའི་སྣང་བ་ཀུན།།
ཕྱི་རོལ་ཡུལ་གྱི་ཐོགས་བཅས་བདུད་དུ་བརྩི།།

གློ་བུར་རྒྱུ་རྐྱེན་གཞན་ལ་མ་ལྟོས་པར།།
ནང་གི་རྣམ་རྟོག་རེ་དང་དོགས་པ་དང་།།
འཇིགས་སྐྲག་ཁུ་འཕྲིག་དངོས་སུ་གྲུབ་འདྲ་བ།།
སེམས་ཀྱིས་བཟོས་པའི་ཐོགས་མེད་བདུད་དུ་འདོད།།

གཞན་གྱིས་བཀུར་བས་ཁེངས་དྲེགས་སྐྱེས་པ་འམ།།
ལྷ་ཡི་ལུང་བསྟན་མངོན་ཤེས་ཡོད་སྙམ་སོགས།།
རང་ཉིད་གཞན་ལས་འཕགས་པའི་འདུ་ཤེས་ཀྱིས།།
དེ་ཚོར་འཁྲི་བ་དགའ་བྲོད་བདུད་ཅེས་བྱ།།

སེམས་ཀྱི་ཆོས་ཉིད་ནམ་མཁའ་དག་པ་ལ།།
བདེན་པར་གྲུབ་པའི་ཆོས་ཤིག་མ་གྲུབ་ཀྱང་།།
ང་ཞེས་ཚུར་བཅད་ཁྱོད་ཅེས་གཞན་བཅད་ནས།།
སྡུག་བསྔལ་ལས་ལ་སྤྱོད་པ་སྙེམས་བྱེད་བདུད།།

ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པ་སྟེ།།
འཇིགས་མེད་ལྟ་བའི་གདེངས་དང་ལྡན་པ་ཡིས།།
ཐབས་ཤེས་ཟུང་འཇུག་མཚོན་པས་ཕཊ་ཀྱི་སྒྲས།།
བདེན་འཛིན་འཁྲི་བ་ཀ་དག་ཀློང་དུ་གཅོད།།

བདུད་ཅེས་བྱ་བ་ལོགས་སུ་མ་མཆིས་ཏེ།།
སེམས་ཉིད་སྟོང་བཞིན་མ་འགགས་རྩལ་དེ་ལས།།
བྱུང་བའི་ཆོ་འཕྲུལ་དངོས་པོར་བཟུང་མ་ཐག།
རོལ་བའི་གསེབ་ཏུ་ཚུད་པ་འབའ་ཞིག་ཟད།།

ལྟ་སྒོམ་ལྡན་ཚེ་ཉོན་མོངས་ཡོད་ཚད་ཀུན།།
གདོང་གཏུགས་བྱེད་ན་རྩད་ནས་ཕྱུང་སྲིད་པས།།
གཉན་ས་མི་བདེ་འཇིགས་སུ་རུང་བ་ལ།།
གཅིག་པུར་ཕྱིན་ནས་དེ་དག་ཆེད་དུ་སློངས།།

ཐོག་མར་ཀུན་སློང་རྣམ་དག་ལྡན་པའི་རྗེས།།
སྔ་བར་ཕྱི་གནོན་གསུམ་གྱི་ལག་ལེན་དང་།།
ལྷོངས་དང་ཚར་ཚད་སོགས་ཀྱི་རྣམ་གཞག་ཀུན།།
བརྒྱུད་པའི་བླ་མའི་གཞུང་དང་བསྟུན་པར་བྱ།།

རང་གཞན་རྒྱུད་ཀྱི་ཉོན་མོངས་ཡོད་ཚད་ཀུན།།
ཉལ་བའི་མི་ཞིག་ཡར་ལ་སློང་བ་བཞིན།།
ལྷ་འདྲེའི་གཟུགས་སུ་བསྐྱེད་ནས་འབོད་པ་དང་།།
མདུན་ནས་བཀུག་ནས་ལུས་ཀྱི་སྦྱིན་པ་བྱ།།

རང་རེ་འདོད་ཁམས་གནས་པའི་འགྲོ་བ་མི།།
ད་ལྟའི་གདོས་བཅས་ལུས་ལ་རབ་ཞེན་ཅིང་།།
འདི་ལ་བརྟེན་ནས་དགའ་སྡུག་མང་འབྱུང་བས།།
སྦྱིན་པས་སྒྲིབ་སྦྱངས་ཚོགས་མང་རྫོགས་པར་འགྱུར།།

རང་གི་ལུས་སུ་དབུ་མ་གནས་པའི་ནང་།།
རྣམ་ཤེས་འོད་ཐིག་ཡང་ན་ཁྲོས་མའི་སྐུར།།
བསྒོམས་པ་ཕཊ་ཀྱིས་སྤར་ཅིང་བེམ་པོ་ནི།།
ཟག་མེད་བདུད་རྩིའི་རང་བཞིན་བྱིན་གྱིས་བརླབ།།

མི་མགོའི་སྒྱེད་པུའི་སྟེང་གི་ཀ་པཱ་ལར།།
རང་ལུས་ཞུ་ཞིང་བདུད་རྩིར་འཁྱིལ་བ་ལ།།
མགྲོན་ལྔ་སྤྱན་འདྲེན་ཚོགས་ཞིང་དགྱེས་པ་དང་།།
མར་གྱི་མགྲོན་ཚིམས་ཚོགས་གཉིས་བསགས་པར་བསྒོམ།།

ཐོད་པར་ཤ་ཁྲག་ཁོལ་ལས་རླངས་པ་ཡི།།
སྤྲིན་ཕུང་མང་བྱུང་དེ་དག་རེ་རེའི་སྟེང་།།
ཟས་སམ་གོས་ཆས་ཡང་ན་ཡོ་བྱད་སོགས།།
བསྒོམས་ཤིང་མཆོད་སྦྱིན་བྱེད་ན་ལན་ཆགས་སེལ།།

བདག་འཛིན་གཅོད་པའི་ཐབས་སུ་རང་ལུས་ཀྱི།།
པགས་པའི་སྟེང་དུ་བམ་པོ་གཏུབས་པ་ལ།།
འཇིག་རྟེན་འདས་དང་མ་འདས་ཤ་ཟའི་ཚོགས།།
འགྱེད་ལ་བོས་ནས་ཀུན་གྱིས་ཟ་བར་བསྒོམ།།

རང་ལུས་གན་རྐྱལ་འགྱེལ་བར་རང་གཞན་གྱི།།
སྒྲིབ་པ་ཀུན་འདུས་སོལ་ནག་ལྟར་གྱུར་བར།།
ཕྱོགས་བཞིའི་བགེགས་རིགས་མ་ལུས་མགྲོན་ལྷགས་ནས།།
ཡིད་ཚིམས་ལམ་གྱི་བར་ཆད་སེལ་བར་སྒོམ།།

བཟང་བའི་ལྷ་དང་ངན་པའི་འདྲེ་གདོན་ཀུན།།
དོན་དུ་རྡུལ་ཙམ་གྲུབ་པ་མེེད་བཞིན་དུ།།
ནང་གི་རྣམ་རྟོག་བདེན་པར་བཟུང་བ་ལས།།
རྨི་ལམ་ཇི་བཞིན་ཤར་བ་ཤེས་པར་བྱ།།

ས་ལམ་མཐོན་པོར་མ་སླེབས་བར་དུ་ནི།།
གང་དུ་འགྲོ་འམ་བསྡད་ཀྱང་གཉན་ས་རུ།།
དམིགས་ནས་དྲན་དང་ཤེས་བཞིན་མི་དོར་བར།།
ཆོས་ཉིད་དྲན་པའི་ངང་དུ་གནས་པར་མཛོད།།

མི་མང་འདུས་སར་འགྲན་སེམས་རྒྱལ་འགོང་ཡོད།།
གཅིག་པུར་གནས་ཚེ་བདག་འཛིན་ཤ་ཟ་རྒོད།།
ཕན་ཚུན་ཕྲག་དོག་དམ་སྲི་དབང་རེ་ཆེ།།
རྒྱུ་ནོར་རྔམ་སེམས་ཡི་དྭགས་ཀུན་ལ་འཁོར།།

གྲོང་པ་རྣམས་དང་ལྷན་ཅག་འགྲོག་དུས་སུ།།
གནོད་སེམས་ཐེའུ་རང་དབང་དུ་མི་འགྲོ་ཞིང་།།
ཆོས་པ་ཚོ་དང་མཉམ་དུ་འཛོམ་པའི་ཚེ།།
གྲུབ་མཐའ་ཕྱོགས་རིས་འགོང་པོར་དོགས་ཟོན་གནོང་།།

ཟས་གོས་ལོངས་སྤྱོད་གནས་ཁང་གང་བཟང་ལ།།
རྒྱུན་ཏུ་སྤྱོད་ན་ཆགས་སྲེད་ཀྱིས་བཅིང་པས།།
སྐབས་རེེར་ལུང་སྟོང་བྱེ་ཐང་ནགས་ཚལ་དུ།།
འདོད་ཡོན་ངན་ངོན་བརྟེན་པ་བོགས་འདོན་འགྱུར།།

ན་ཚ་རྐྱེན་ངན་བཀྲ་མི་ཤིས་པའི་ལྟས།།
མི་འབྱུང་ཆེད་དུ་སྐྱབས་གནས་མི་འབོད་པར།།
བར་ཆད་ཅི་བྱུང་ལམ་དུ་འཁྱེར་ནུས་པར།།
གསོལ་བ་འདེབས་པ་ཆོས་འདིའི་ཁྱད་ཆོས་ལགས།།

དེང་སང་ཉོན་མོངས་དྲག་ཏུ་བདོ་བའི་དུས།།
འདུས་བྱས་དགེ་བས་སེམས་རྒྱུད་འདུལ་དཀའ་བས།།
གཅོད་སོགས་སྙིང་བོའི་བསྟན་པར་བརྩོན་དགོས་ཀྱི།།
ཆོས་པའི་གཟུགས་ཅན་ཆོས་མིན་དབང་དུ་འགྲོ།

འོན་ཀྱང་ཌཱ་དྲིལ་འཁྲོལ་དང་དབྱངས་གྱེར་ཚུལ།།
ཤེས་པ་ཙམ་གྱིས་ལམ་དུ་མི་འགྲོ་བས།།
སྔོན་གྱི་དམ་པ་དག་གི་ཞལ་གསུང་རྣམས།།
རང་གི་རྒྱུད་ལ་སྦྱར་ནས་ཉམས་ལེན་དགོས།།

ཡ་མཚན་དམིགས་རིམ་འདོན་གླུ་སྙན་པོ་དང་།།
གཞན་གྱིས་ཡིད་སྨོན་ལ་སོགས་རྐྱེན་བྱས་ནས།།
རྟོགས་པ་མེད་ཀྱང་ཉམས་མཚར་རེ་འབྱུང་ཚེ།།
མི་ཆོས་བླ་མའི་རྫུན་སྨྲའི་ཕྱོགས་ལ་གཟོབ།།

ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སོགས།།
སྔོན་བྱོན་འཕགས་པའི་སྐྱེ་བོ་དུ་མ་ཡིས།།
གཅོད་པ་རེ་འགས་མི་གཞན་མགོ་བསྐོར་གྱི།།
བྱ་བར་ཟུར་ཟ་མཛད་པ་བསྟན་ལ་ཕན།།

ལག་པར་ཌཱ་རུ་འཛིན་པ་སླ་ན་ཡང་།།
བདག་འཛིན་གཅོད་ལ་དེ་ཙམ་གྱིས་མི་ཆོག།
ངག་ནས་གཅོད་དབྱངས་གྱེར་བ་ཆེས་སླ་ཡང་།།
ཉོན་མོངས་འདྲེ་གདོན་འདུལ་བ་ཤིན་ཏུ་དཀའ།།

ཤེས་རབ་ཕར་ཕྱིན་སྤྱོད་པའི་བྱང་སེམས་བཞིན།།
གཅོད་ཡུལ་ཉམས་སུ་ལེན་ཚེ་ཐེ་ཚོམ་དང་།།
འཇིགས་སྐྲག་རྐྱེན་ངན་སྣ་ཚོགས་འཆར་སྲིད་པས།།
ཆོས་ཉིད་ལྟ་བས་དེ་ཀུན་གཅོད་པར་བྱ།།

ཐར་ལམ་གཅོད་པའི་བདུད་ཅེས་སྒྲ་བོ་ཆེ།།
མགོ་ན་རྭ་དང་མཇུག་ཏུ་རྔ་མ་ཅན།།
འོང་རྒྱུ་མེད་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱི།།
གཟེབ་ཏུ་ཚུད་པས་དེ་ཡི་བྲན་དུ་གྱུར།།

འཇིགས་རུང་གཉན་ཁྲོད་རྒྱུ་བ་ཕྱི་ཡི་གཅོད།།
རང་ལུས་གཟན་དུ་སྒྱུར་བ་ནང་གི་གཅོད།།
སེམས་ཀྱི་རེ་དོགས་གཡུགས་པ་དོན་གྱི་གཅོད།།
དེ་གསུམ་ཉམས་སུ་ལེན་པར་གཅོད་པར་འབོད།།

འཇིག་རྟེན་ཕལ་བའི་བྱ་སྤྱོད་ཡོད་ཚད་དང་།།
དགེ་བར་རློམས་པའི་ལས་ཀ་སྣ་ཚོགས་པ།།
བྱིས་པའི་རྩེད་མོར་མཐོང་བའི་དུས་གཅིག་འོང་།།
དེ་ནི་གཅོད་ཀྱི་ལྟ་དགོངས་རྟོགས་པའི་རྟགས།།

ཀྱེ་མ་སྙིང་བོའི་བསྟན་པ་ནུབ་དུས་འདིར།།
ཕལ་མོ་ཆེ་དག་རྟག་ཆད་འོབས་ལྷུང་ནས།།
སྤྲོས་བྲལ་གནས་ལུགས་ཁ་ནས་སྨྲ་བཞིན་དུ།།
དོན་དུ་དེ་ལ་སྡང་མཁན་ཤིན་ཏུ་མང་།།

ཁ་ནས་གཅོད་རྫོགས་སོགས་ལ་དགའ་ཟེར་ཡང་།།
དོན་དམ་བདེན་པ་ཇི་བཞིན་བཀྲལ་བ་ན།།
བློ་ཡིས་མ་ཤོང་ཉམས་ཆོས་ཉི་ཚེ་བར།།
འདུག་ཅེས་སྐུར་བ་འདེབས་པ་དེང་གི་ལུགས།།

ཀྱི་ཧུད་དངོས་པོ་མཚན་འཛིན་ལྟ་བ་ནི།།
ཆོས་ལྟར་བཅོས་ཀྱང་གསེར་སྒྲོག་དང་མཚུངས་པས།།
ད་ནི་རྣམ་རྟོག་བཟང་ངན་ལས་འདས་པའི།།
རྒྱལ་བའི་དགོངས་པ་ཟབ་མོ་རྟོགས་ལ་རེམས།།

ཚེ་འདི་ཉིད་ལ་གྲོལ་བ་ཐོབ་པའི་མི།།
མ་འོངས་ཅི་བྱུང་སེམས་ཁྲལ་མི་དགོས་པས།།
རང་གནས་སེམས་ཉིད་འོད་གསལ་ཡེ་ཤེས་ཆེ།།
མྱུར་བར་མཇལ་བའི་དམ་བཅའ་ཐུགས་ལ་བཞེས།།

སྣང་བའི་ཆོས་ཀུན་རང་ངོར་སད་པའི་མཐུས།།
བདུད་བཞིའི་དཔུང་ཚོགས་དབྱིངས་སུ་ཞིག་དང་ལྷན།།
ཀ་དག་གཞོན་ནུ་བུམ་སྐུའི་རྒྱལ་ས་རུ།།
འཕོ་མེད་ཆོས་སྐུའི་དཔལ་ལ་སྤྱོད་གྱུར་ཅིག།

ཅེས་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་དང་།
ཚེ་རབས་གཏན་གྱི་མགོན་པོ་ཁྲག་འཐུང་བདུད་འཇོམས་གླིང་པ་སོགས་སྔོན་བྱོན་གོང་མའི་ཟབ་གཏེར་གྱི་བྱིན་རླབས་སྙིང་ལ་ཕོག་ཅིང་།
གཞན་དག་སུ་མ་མགུ་ཡང་ཞེ་བློ་ཅུང་བདེ་བའི་གྱི་ན་བ་པད་མ་ཆོས་ཉིད་རྡོ་རྗེའམ་ཨ་གནམ་ཐུབ་བསྟན་དུ་འབོད་པས།
ཐེ་ལན་ཌིའི་རྒྱལ་ས་བྷེན་ཁོག་གྲོང་ཁྱེར་དུ་བདུད་འཇོམས་ཁྲོས་མ་ཁྲིད་སྐབས་སུ་རང་དང་སྐལ་བ་མཉམ་པ་འགའ་ལ་ཕན་ཕྱིར་སྦྱར་བའོ།།