མཚན་དཔེའི་རྒྱན་གྱིས་སྤྲས་པའི་གང་སྐུ་གསེར་གྱི་ལྷུན་པོས་འཇིག་རྟེན་མཛེས་པར་བྱས།།
དྲུག་ཅུའི་ཡན་ལག་རྫོགས་པའི་ཚངས་དབྱངས་འགག་པ་མེད་པར་སྲིད་པའི་ཁོངས་ན་སྙན།།
གང་ཐུགས་རྡུལ་དང་བྲལ་བར་ཟབ་ཅིང་རྒྱ་ཆེའི་དོན་ཀུན་མ་ལུས་འགོག་མེད་བཀྲ།
བདག་གི་བླ་མ་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ལྷར་བཅས་འགྲོ་བའི་དཔལ་དུ་བརྗིད།།
སྔོན་སྨོན་རྣམ་དག་དུས་སུ་བབས་པ་དང་།།
རྒྱལ་བའི་ཐུགས་རྗེ་བསླུ་བ་མེད་པའི་མཐུས།།
དགའ་ལྡན་ཡུལ་ནས་གཟིགས་སྟངས་ལྔ་དང་བཅས།།
འགྲོ་བ་འདུལ་སླད་མ་དག་ཞིང་འདིར་ཆས།།
སྐྱོན་དང་བྲལ་ཞིང་དགེ་བའི་རང་བཞིན་ཅན།།
རྒྱུ་སྐར་ཁྲོད་ན་ཉ་གང་ཟླ་བ་ལྟར།།
བུད་མེད་ཀུན་གྱི་དབུས་སུ་མངོན་མཐོ་བ།།
ཡུམ་ཆེན་སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་རོལ།།
འགྲོ་བའི་ལེགས་བྱས་ཉེ་བར་བཞད་པ་ལས།།
ངོ་མཚར་ལུམ་བི་ནི་ཡི་དགའ་ཚལ་དུ།།
གཟུགས་སྐུའི་རི་མོ་འཆར་བའི་དགའ་སྟོན་ལ།།
ཚངས་སོགས་དྲེགས་ལྡན་ཁྱུ་ཡང་མགྲོན་དུ་ལྷགས།།
ཆུང་ངུའི་དུས་ནས་བློ་གྲོས་རྩལ་མངའ་བས།།
རྣམ་མང་ཤེས་བྱའི་གནས་ལ་རབ་མཁས་ཤིང་།།
སྒྱུ་རྩལ་དྲུག་ཅུའི་གནས་ལ་དབང་འབྱོར་ཏེ།།
ཕ་རོལ་སྙིང་ལ་འཇིགས་པ་འབུམ་ཕྲག་བྱིན།།
མཐོ་རིས་སྒེག་མོའི་ཚོགས་ལ་ཅོ་འདྲི་བའི།།
མཛེས་མའི་ཁྱུ་མཆོག་གཞོན་ནུ་གྲགས་འཛིན་མ།།
གྲོགས་སུ་བཀུགས་ནས་འཇིག་རྟེན་དང་མཐུན་པར།།
ཕུན་ཚོགས་འདོད་པའི་ཡོན་ཏན་འབུམ་གྱིས་མྱོས།།
སྐྱེ་རྒ་ན་འཆིའི་བཙོན་རར་ཚུད་པ་ཡི།།
ཉམ་ཐག་འགྲོ་བའི་ངང་ཚུལ་གཟིགས་པ་ན།།
ལྡོག་ཏུ་མེད་པའི་ངེས་འབྱུང་གིས་བསླངས་ནས།།
རྣམ་དག་དྲུང་དུ་ཉིད་ཀྱིས་དབུ་སྐྲ་བསིལ།།
མེ་ལྔ་བསྟེན་པ་སོགས་ཀྱི་ལམ་དག་ལས།།
མཆོག་གི་གོ་འཕང་ཐོབ་པ་མེད་གཟིགས་ནས།།
ཆུ་བོ་ནཻ་ར་ཛྙ་ནར་ལོ་དྲུག་ཏུ།།
གཡེང་བ་མེད་པར་ཏིང་ངེ་འཛིན་ལ་གཞོལ།།
བྱང་ཆུབ་ལྗོན་པའི་དྲུང་དུ་དཀྱིལ་དཀྲུང་བཅས།།
ཡུན་རིང་བཙལ་བའི་གྲོལ་བ་མ་རྙེད་བར།།
ལུས་འདི་སྐམ་ཀྱང་ལྡང་བར་མི་བྱ་ཞེས།།
དམ་བཅའི་རེ་ཁཱ་བསུབ་ཏུ་མེད་པ་བཀོད།།
ཐོས་པས་མི་བཟོད་སྟོབས་ཆེན་བདུད་ཀྱི་དཔུང་།།
ཡན་ལག་བཞི་ལྡན་དཔུང་གིས་རྒོལ་བའི་ཚེ།།
འཇིགས་པ་མེད་པར་བྱམས་པའི་གོ་ཆ་ཡིས།།
དེ་དག་བཏུལ་བས་སེམས་དཔའ་ཆེན་པོ་རྒྱལ།།
རྣམ་དཀར་དགེ་བའི་འབྲས་བུ་ཡོངས་སྨིན་ཏེ།།
བསྐལ་མང་བསགས་པའི་ཚོགས་ཆེན་རྫོགས་པའི་བརྡར།།
ནང་གི་སྒྲིབ་པའི་ཡོལ་བ་ཀུན་དག་ནས།།
མ་ག་དྷ་རུ་མངོན་པར་རྫོགས་སངས་རྒྱས།།
གཞན་དག་བདེ་བའི་ས་རུ་བཀྲི་དགོངས་ཏེ།།
སྔར་མེད་ཆོས་ཀྱི་རྔ་བོ་ཆེ་བརྡུངས་ཤིང་།།
ཐབས་ལ་མཁས་པས་གདུལ་བྱ་རྣམས་བཟུང་ནས།།
མཆོག་གསུམ་སྣང་བའི་ས་སྟེང་གསལ་བར་བྱས།།
ཕྲ་ཞིང་དོག་པའི་བློ་ཡི་ཁུང་བུ་རུ།།
ཡང་དག་ལྟ་བའི་ཉི་འོད་ཀྱིས་སྟོང་ཞིང་།།
ཕྱོགས་ལྷུང་གྲུབ་མཐའི་མུན་རུམ་ལ་རོལ་བ།།
གཞན་སྡེའི་སྟོན་པ་དྲུག་རྣམས་ཕམ་པར་མཛད།།
རྟག་འཛིན་བློ་ཡི་མལ་དུ་བདེར་ཉལ་ནས།།
འདི་སྣང་སྲིད་པའི་གར་ལ་སྲེད་པ་དག།
མི་བརྟན་འདུས་བྱས་ཆོས་ཀྱི་མཚང་ངོམས་ཕྱིར།།
གཞན་ངོར་མྱ་ངན་འདས་པའི་མཛད་པ་བསྟན།།
འཇིག་རྟེན་སྒྲོན་མ་ཡུན་རིང་བཞུད་གྱུར་ཀྱང་།།
དམ་ཆོས་སྒྲ་དབྱངས་སེང་གེའི་ང་རོ་ཡིས།།
ས་ཆེན་འདི་ན་སྔར་ནས་ད་ལྟའི་བར།།
བགྲང་ཡས་སྐྱེ་བོ་རྨོངས་པའི་མལ་ལས་དཀྲོགས།།
ཨེ་མ་རབ་མཛེས་བཅོམ་ལྡན་རྒྱལ་བའི་ཐུགས་རྗེའི་འོད་དཀར་སྙིང་ལ་ཉེར་ཕོག་པས།།
བསྟན་པ་རིན་ཆེན་ནོར་གྱི་མཆོག་ཏུ་འཛིན་པའི་དང་བ་ནམ་ཡང་མ་དོར་བར།།
མ་སྨད་འཕགས་པའི་ལམ་ལ་གཞོལ་བའི་འདུན་པ་རིང་ནས་ཡིད་ལ་འཆིང་བ་པོས།།
དེ་ལྟར་བསྟོད་པས་དམ་ཆོས་པད་མ་དཀར་པོས་བདག་ཡིད་ཀུན་ནས་མཛེས་པར་སྨོན།།
ཞེས་ཨ་གནམ་ཐུབ་བསྟན་དུ་འབོད་པས་བྱང་ཨ་རིའི་གྲོང་ཁྱེར་བྷིར་ཁི་ལི་ནས་ཕུལ།