དཀར་ཆག
བསྟོད་ཚོགས

དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རྗེས་སུ་དྲན་པའི་སྙན་གླུ་དད་པའི་མེ་ཏོག།

རབ་འབྱམས་རྒྱལ་བའི་གསང་བ་གསུམ་གྱི་མཛོད།།
སྤྲུལ་པའི་གར་དུ་རོལ་པའི་དགའ་སྟོན་གྱིས།།
ཞིང་འདིར་ཆོས་ཀྱི་སྣང་བ་སྤྲོ་མཛད་པ།།
བདག་གི་བླ་མ་མཚོ་སྐྱེས་དབང་པོར་བསྔགས།།

ཁྱོད་ཀྱི་རྣམ་པར་ཐར་པའི་ཉི་ཟེར་གྱིས།།
བདག་སྙིང་མཛེས་པའི་དགའ་ཚལ་ལ་རེག་པས།།
མི་ཕྱེད་དད་པའི་འདབ་བརྒྱ་འཛུམ་དང་ལྷན།།
མ་བཅོས་ཡིད་ཀྱི་རོལ་མོ་འདི་ན་འཁྲོལ།།

བཅོམ་ལྡན་དཔའ་བོས་ཞབས་ཀྱིས་བཅགས་པའི་གནས།།
ཛམ་བུའི་མིང་གིས་སྤུད་པའི་གླིང་འདི་རུ།།
གང་གི་མཚན་དཔེའི་དཀྱིལ་འཁོར་བཞད་པའི་ཚེ།།
སྲིད་པའི་ཁྱོན་ཀུན་དགའ་བ་འབུམ་གྱིས་མྱོས།།

འོད་མཐའ་ཡས་པ་བདེ་ལྡན་ཞིང་མགོན་གྱིས།།
གཟིགས་པ་ལྔ་བཅས་ཐུགས་ཀྱི་དཀྱིལ་འཁོར་ལས།།
མཁའ་ཁྱབ་རྒྱལ་བའི་ཡེ་ཤེས་བསྡུས་པའི་གཟུགས།།
མ་འགག་རོལ་པ་དྷ་ན་ཀོ་ཤར་སྤྲོས།།

སྐྱེ་འཆི་བགྲེས་རྒུད་དྲི་མ་དང་བྲལ་བའི།།
ཟག་མེད་དོན་གྱི་བདུད་རྩིར་དགྱེས་པའི་བརྡར།།
ཐ་མལ་མངལ་གྱི་འཆིང་རྒྱས་མ་བཅིངས་པར།།
རང་བྱུང་མཐོང་གྲོལ་སྐུ་ཡི་བཀོད་པ་འཆར།།

མི་ཡི་དབང་པོ་ཨིནྡྲ་བྷོ་དྷི་ཡིས།།
མཇལ་བའི་མོད་ལ་གྲུབ་པའི་རྟགས་མཐོང་བས།།
འགྲོ་བའི་ཡིད་ཀྱི་ལིང་ཏོག་རབ་བསལ་ཏེ།།
ཆོས་ཀྱི་སྤྱན་བཟང་འབྱེད་པའི་རྟེན་འབྲེལ་བཀྲ།

འཇིག་རྟེན་མཐའ་དག་སྒྱུ་མར་གཟིགས་བཞིན་དུ།།
རེ་ཞིག་གཞན་གྱི་སྣང་ངོ་དང་མཐུན་པར།།
སྲིད་ན་མངོན་པར་མཐོ་བའི་གོ་འཕང་གིས།།
ཡངས་པའི་རྒྱལ་ཁམས་མངའ་དབང་བསྒྱུར་བར་མཛད།།

འདི་སྣང་ཕུན་ཚོགས་མཁའ་ཡི་འཇའ་ཚོན་ལྟར།།
སྙིང་པོ་མེད་པའི་ངང་ཚུལ་བཀྲལ་བའི་སླད།།
སྟོབས་དང་འབྱོར་བའི་དངོས་པོ་ཡོངས་བཏང་ནས།།
ཆགས་མེད་དཔའ་བོའི་བརྟུལ་ཞུགས་ཁུར་དུ་བཞེས།།

མི་བཟད་དུར་ཁྲོད་རྩུབ་མོའི་ཚལ་དག་ཏུ།།
བདེ་ཆེན་ཐབས་ཤེས་སྦྱོར་བའི་འདོད་ཡོན་དང་།།
གཉིས་འཛིན་དཔུང་ཚོགས་སྒྲོལ་བའི་སྤྱོད་པ་ཡིས།།
རྣམ་མང་དངོས་གྲུབ་བྱེ་བ་ལོངས་སུ་སྤྱད།།

དཀར་བོའི་ཕྱོགས་ཀྱི་ཡོན་ཏན་མཆིས་སོ་ཅོག།
རྣམ་དག་ཚུལ་ཁྲིམས་ཁོ་ན་ལས་འབྱུང་བས།།
རྒྱལ་བའི་ཐུགས་སྲས་ཨ་ནནྡ་ཡི་དྲུང་།།
རབ་མཛེས་ངུར་སྨྲིག་དྷྭ་ཛ་བསྒྲེངས་པ་རྨད།།

ཨ་མ་སྟོང་ཆེན་ཀུན་ཏུ་བཟང་མོ་མཆོག།
མཁའ་འགྲོའི་གཙོ་མོ་མི་ཡི་གར་བསྒྱུར་བ།།
རྣལ་འབྱོར་དབང་ཕྱུག་ལས་ཀྱི་དབང་མོའི་མདུན།།
སྨིན་བྱེད་དབང་གི་གང་གཱ་ཐུགས་ལ་འཁྱིལ།།

ལྟ་ངན་མུན་པའི་ཀློང་དུ་འཕྱན་པ་ཡི།།
ཕ་རོལ་གདུག་པའི་ཆོ་གར་རོལ་བའི་སྡེས།།
ཡང་དག་བསྟན་ལ་འཚེ་བ་བརྩམས་པ་ན།།
མངོན་སྤྱོད་དྲག་པོའི་ལྟད་མོ་ངོམས་པ་མཚར།།

གདོད་མའི་མགོན་པོ་ཤྲཱི་སིངྷ་ཡིས།།
ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེའི།།
ཟབ་དོན་ཡེ་གནས་ཆོས་སྐུའི་རང་ཞལ་ནི།།
བཙན་ཐབས་ཚུལ་གྱིས་ཁྱོད་ལ་རྗེན་པར་བསྟན།།

སྟོང་ཆེན་ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་ནི།།
མི་ཡི་ཟོལ་དུ་བརྫུས་པའི་གཞོན་ནུ་མ།།
རིགས་ཀྱི་སྲས་མོ་ལྷ་ལྕམ་མནྡཱ་ར།།
ལས་ཀྱི་ཕྱག་རྒྱར་བཀུག་པས་ས་ཆེན་གཤེགས།།

གནས་མཆོག་ཡང་ལེ་ཤོད་ཀྱི་ཕོ་བྲང་དུ།།
ཡི་དམ་ཡོངས་འདུས་དཔལ་ཆེན་ཕུར་བའི་དལ།།
མངོན་དུ་གྱུར་བས་བདག་ལྟའི་རུ་ཏྲའི་དཔུང་།།
ཆོས་དབྱིངས་བཙོན་ལ་བཅུག་པའི་ཟིལ་གནོན་རྗེ།།

རྟག་ཏུ་འཚེ་བའི་ལས་ལ་གཞོལ་བ་ཡི།།
དམུ་རྒོད་གདུང་དམར་བ་དག་འདུལ་བའི་ཕྱིར།།
སྔོན་གྱི་སྨོན་ལམ་དུས་སུ་བབས་དང་ལྷན།།
བྱང་ཕྱོགས་གངས་ལྡན་ཞིང་གི་མགོན་དུ་ཆས།།

མ་དག་རྣམ་རྟོག་རོལ་བ་ཕྱིར་ཤར་བའི།།
འགྲོ་ལ་བར་ཆད་རྩོམ་པའི་གཟུགས་མེད་སྡེ།།
དབང་ཆེན་རྡོ་རྗེའི་བཀའ་ཡིས་དམ་བཏགས་ནས།།
ནུས་ལྡན་སྲུང་མའི་དཔུང་དུ་མངའ་གསོལ་བྱས།།

དད་དང་ཤེས་རབ་ནོར་གྱིས་རབ་ཕྱུག་པའི།།
སྐལ་བ་མཆོག་ལྡན་རྗེ་འབངས་ཉེར་ལྔ་སོགས།།
ཟབ་གསང་ཆོས་ཀྱི་བདུད་རྩིའི་སྐྱེས་བཟང་གིས།།
ཚེ་འདིར་རིག་པ་འཛིན་པའི་ས་ལ་བསྐྱལ།།

འབྱུང་འགྱུར་བོད་ཀྱི་འགྲོ་ལ་སྨན་པའི་སླད།།
ས་དང་ཆུ་སོགས་འབྱུང་བའི་ཀློང་སྒྲོམ་དུ།།
ཁྱད་འཕགས་སྣ་ཚོགས་གཏེར་གྱི་མཛོད་སྦས་ནས།།
འདོན་པའི་དུས་དང་གང་ཟག་གསལ་བར་བསྟན།།

རྒྱ་ཆེ་མདོ་སྔགས་ཟུང་གི་གཞུང་ལུགས་ཀྱི།།
ཉིང་བཅུད་ཚུར་དུ་བླངས་པ་ལྟ་བུའི་ཆོས།།
ཟབ་མོ་མན་ངག་རིན་ཐང་བྲལ་བ་ཉིད།།
གངས་ཅན་པ་ལ་ཕ་ནོར་ཚུལ་དུ་བསྩལ།།

ཆུ་གཏེར་དག་ནི་དུས་ལས་ཡོལ་ན་ཡང་།།
རྒྱལ་བའི་ཐུགས་རྗེས་འགྲོ་བ་མི་དོར་བས།།
གང་ལ་གང་འདུལ་མཛད་པ་སྟོན་པའི་ཕྱིར།།
རྔ་ཡབ་གླིང་དུ་གཤེགས་པའི་རྣམ་པ་ངོམས།།

དེ་རུ་མི་བཟད་ཉོན་མོངས་རཀྴའི་དཔུང་།།
ཐབས་ཤེས་རྫུ་འཕྲུལ་མཐུ་ཡིས་ལེགས་བཏུལ་ནས།།
དག་པ་པདྨ་འོད་ཀྱི་ཕོ་བྲང་ན།།
འཆི་མེད་གཉུག་མའི་སེམས་ཀྱི་རྡོ་རྗེར་གནས།།

ཁྱོད་ཀྱི་ཐུགས་གསང་ཟག་མེད་ཆེན་པོའི་སྐུ།།
འགྲོ་དང་འོང་བའི་ཀུན་རྫོབ་ལས་གྲོལ་བས།།
དད་ལྡན་གདུལ་བྱ་རྒྱ་མཚོའི་སྙིང་དབུས་སུ།།
རྟག་ཏུ་བཞུགས་པའི་དམ་བཅའ་མ་མཛད་དམ།།

ཡེ་གནས་ཆོས་སྐུའི་མགོན་དང་མི་གཉིས་པ།།
རིགས་ཀུན་བདག་པོ་དཀྱིལ་འཁོར་ཡོངས་ཀྱི་གཙོ།།
འཛད་མེད་བྱིན་རླབས་ཕུང་པོ་འབྱུང་བའི་གནས།།
དོན་གྱི་བླ་མ་མཚོ་སྐྱེས་རྗེ་བོ་མཁྱེན།།

དོན་དམ་མི་ཤིགས་བདེ་བ་ཆེན་པོ་ཉིད།།
སྣ་ཚོགས་མཚན་མ་རྟགས་སུ་ཤར་བའི་ལྷ།།
དངོས་གྲུབ་མཐའ་དག་ཡིད་བཞིན་འཇོ་བའི་ནོར།།
ཡི་དམ་ཡོངས་འདུས་པདྨ་འབྱུང་གནས་བསྐུལ།།

མཐའ་དང་བྲལ་བའི་ཀུན་ཁྱབ་ཆོས་དབྱིངས་མཁར།།
བདེ་སྟོང་གར་གྱིས་ཐོགས་མེད་འགྲོ་བ་ཡི།།
ཡེ་ཤེས་དཔའ་མོའི་ཞིང་ཁམས་བྱེ་བའི་གཙོ།།
དབང་སྡུད་རྒྱལ་པོ་ཐོད་ཕྲེང་རྩལ་ལ་བསྟོད།།

དུག་གསུམ་རང་མདངས་མངོན་དུ་གྱུར་པ་ཡི།།
སེམས་ཀྱི་ཆོ་འཕྲུལ་སྡེ་བརྒྱད་དྲེགས་པའི་ཚོགས།།
དམིགས་མེད་ཐུགས་རྗེའི་རྩལ་གྱིས་ཞི་མཛད་པ།།
སྣང་སྲིད་ཟིལ་གྱིས་གནོན་མཁས་ཧེ་རུ་ཀ།།

སྔོན་དང་ད་ལྟའི་རྒྱུ་རྐྱེན་ལས་འདུས་པའི།།
ནད་མུག་ལ་སོགས་མི་འདོད་ཐོག་བབ་ཚེ།།
སྡུག་བསྔལ་མེ་འོབས་ནང་དུ་མི་ལྟུང་བར།།
སྤྱོད་པས་ཐོག་བརྫི་ནུས་པར་བྱིན་གྱིས་རློབས།།

ནང་གི་རྩ་རླུང་ཕུང་ཁམས་འཁྲུགས་པ་དང་།།
རྣམ་རྟོག་ཡོ་ལང་དྲག་ཏུ་འགྱུ་བའི་ཚེ།།
རེ་དོགས་བདུད་ཀྱི་དབང་ཏུ་མི་འགྲོ་ཞིང་།།
དྲན་ཤེས་གོ་ཆ་བདག་ལ་མྱུར་ཏུ་གནོངས།།

རང་གནས་བདེ་གཤེགས་སྙིང་པོའི་ཉིན་བྱེད་ནི།།
འཕྲལ་བྱུང་སྒྲིབ་པའི་སྤྲིན་ཚོགས་ལས་ཐར་ནས།།
མཁྱེན་བརྩེ་ནུས་པའི་འོད་མདངས་སྤྲོ་བཞིན་དུ།།
སྐུ་དང་ཡེ་ཤེས་འཆར་བའི་གྲོགས་སུ་འབོད།།

ནམ་ཞིག་ཚེ་འདིའི་སྣང་བ་ཟད་པའི་ཚེ།།
འཇིགས་མེད་ལྟ་བའི་གདེངས་དང་མི་འབྲལ་བར།།
མི་འགྱུར་གདོད་མའི་བཙན་ས་ལ་བསྙེགས་ནས།།
འོག་མིན་དཔལ་གྱི་རི་བོར་གྲོལ་གྱུར་ཅིག།

ཅེས་བསྟན་ལ་ལྷག་བསམ་རབ་ཏུ་ཡངས་པའི་བླ་མ་གཡུ་ཚ་པད་ཁོས་བསྐུལ་ངོར།
སྙོམ་ལས་པ་ཨ་གནམ་ཐུབ་བསྟན་གྱིས་ཡུལ་ཐམས་ཅད་ཀྱི་གཙུག་རྒྱན་སྡེ་བཞིའི་གཡང་གི་ར་བ་གཅིག་པུ་རྒྱལ་ཁམས་ཆེན་པོ་ཨ་མེ་རི་ཀའི་ནུབ་ཕྱོགས་སུ་ཆགས་པའི་དོན་གྱི་རིག་པ་འབྱུང་བའི་གྲོང་ཁྱེར་བྷིར་ཁི་ལས་ཞེས་པར་བྲིས་པ་དགེའོ།།