སྨྲ་བརྗོད་ལས་འདས་སྤྲོས་པ་བྲལ་བའི་དོན།།
རྣམ་ཐར་གསུམ་ལྡན་ཆོས་ཉིད་མངོན་གྱུར་པ།།
རབ་འབྱམས་རྒྱལ་བ་རྒྱ་མཚོ་བསྐྱེད་པའི་ཡུམ།།
ཤེས་རབ་ཕ་རོལ་ཕྱིན་མར་གསོལ་བ་འདེབས།།
གངས་ཅན་མཁས་དང་གྲུབ་པའི་གཙུག་གི་རྒྱན།།
ཟབ་མོའི་ལམ་བཟང་སྟོན་ལ་ཟླ་བྲལ་བ།།
མི་ཡི་ལུས་ལ་རྒྱལ་བའི་དགོངས་པ་ཅན།།
ཨ་མ་ལབ་ཀྱི་སྒྲོན་མར་ཕྱག་འཚལ་ལོ།།
འཛམ་གླིང་སྤྱི་དང་ཁྱད་པར་བོད་ཡུལ་གྱི།།
རྣམ་མང་འགྲོ་ལ་ཐར་བའི་ལམ་སྟོན་ཕྱིར།།
ལབ་ཞེས་ས་སྤྱོད་དག་པའི་ཞིང་ཁམས་ན།།
གང་སྐུ་མཐོང་གྲོལ་ཟླ་བ་གསར་བ་བཞད།།
ཕུན་ཚོགས་དགེ་བའི་རྒྱུ་རྐྱེན་མཐའ་ཡས་པ།།
ལྷན་ཅིག་འཛོམས་པའི་རྟེན་འབྲེལ་བཟང་བོའི་དཔྱིད།།
བྱམས་དང་སྙིང་རྗེས་ཐུགས་རྒྱུད་རབ་ཕྱུག་པས།།
ཆུང་ངུའི་དུས་ནས་བློ་ལྡན་དག་གིས་བཀུར།།
མཐའ་བྲལ་སྲིད་པའི་གནས་ལ་ཡིད་ལོག་ཅིང་།།
གཏན་གྱི་བདེ་བའི་རོ་ལ་རབ་སྲེད་ཚེ།།
ཐོག་མཐའ་ཀུན་ཏུ་དགེ་བའི་ལམ་བཟང་ལ།།
འགྱུར་བ་མེད་པའི་དམ་བཅའ་ཁྱོད་ཀྱིས་བཟུང་།།
བརྩོན་སྦྱང་དཀའ་བའི་ཁུར་བོ་མ་བཞེས་ཀྱང་།།
ཐུགས་གསང་མི་ཟད་རྒྱན་གྱི་འཁོར་ལོ་ལས།།
ཤེས་རབ་མེ་ཆེན་དྲག་ཏུ་འབར་བ་ཅན།།
འགྲོ་བའི་དཔུང་གཉེན་མཁའ་འགྲོ་ཡོངས་ཀྱི་གཙོ།།
ལེགས་ཉེས་འབྲས་བུ་འབྱུང་བའི་སྒོ་གཅིག་པུ།།
ལམ་གྱི་ཐོག་མ་བླ་མ་ལ་རག་པས།།
མཁྱེན་བརྩེའི་དབང་བོ་གྲྭ་པ་མངོན་ཤེས་སོགས།།
མཚན་ལྡན་བཤེས་གཉེན་མང་པོའི་ཞབས་ལ་གཏུགས།།
ཐ་མལ་ངག་གི་སྐྱོན་གྱིས་མ་གོས་ཤིང་།།
ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ་བའི་བརྡར།།
རྒྱལ་བའི་གསུང་རབ་ཀློག་ལ་མཁས་པའི་སྙན།།
གངས་ཅན་འཛིན་མའི་ཁྱོན་ལ་འབྲུག་ལྟར་ལྡིར།།
ཐེག་པ་སྤྱི་དང་གསང་བའི་རྒྱུད་སྡེ་དང་།།
ཡང་ཟབ་ཕྱག་རྒྱ་ཆེ་སོགས་གདམས་ངག་གིས།།
ཐུགས་ཀྱི་བུམ་པ་ཡོངས་སུ་གཏམས་མཛད་ཅིང་།།
དམ་ཆོས་རིན་ཆེན་མཆོག་གི་མཛོད་དུ་གྱུར།།
ཁྱད་པར་ཕ་རོལ་ཕྱིན་པའི་གསུང་རབ་ཀྱི།།
དངོས་བསྟན་སྦས་དོན་ཟབ་དང་རྒྱ་ཆེའི་བའི།།
ཚིག་དོན་གཉིས་ཆར་གཞན་དྲིང་མི་འཇོག་པ།།
མ་ཧཱ་པཎྜིིི་ཏ་ཡི་གོ་སར་འཛེགས།།
འཕགས་ཡུལ་གྲུབ་པའི་རྒྱུ་སྐར་བཀྲ་བའི་ཁྲོད།།
ཉ་གང་ཟླ་བ་ཇི་བཞིན་མངོན་འཕགས་པ།།
བདག་ཉིད་ཆེན་པོ་དམ་པ་སངས་རྒྱས་ཀྱིས།།
བསྔགས་པའི་པུནྡ་རི་ཀ་ཅིར་ཡང་གཏོར།།
རྟོག་གེའི་ལམ་ལས་གྲོལ་བ་མི་ཐོབ་ན།།
སྐྱོ་སྟོན་བླ་མའི་ཞལ་གདམས་ལ་བསྟེན་ནས།།
རང་རྒྱུད་ཆོས་དང་འདྲེས་པར་མཛད་པའི་ཚེ།།
རྟོགས་པའི་ཀློང་ཆེན་ཐོགས་པ་མེད་པར་བརྡོལ།།
གྲོགས་ཟས་གོས་གནས་ཡུལ་སོགས་ཆོས་རྣམས་ལ།།
བཟང་ངན་འཛིན་པའི་ཞེན་པ་ཆོད་པའི་བརྡར།།
བརྟུལ་ཞུགས་སྤྱོད་པ་དངོས་སུ་སྐྱོང་པ་པོས།།
ཡུམ་ཆེན་ཕག་མོའི་གར་སྟབས་ས་ལ་བསྒྱུར།།
སྟོང་ཉིད་སྤྲོས་བྲལ་དབུ་མའི་ལྟ་བའི་ལ།།
སྒྱུར་བྱེད་གསང་བ་སྔགས་ཀྱི་རྒྱས་བཏབས་པའི།།
ཤིན་ཏུ་ཟབ་པ་བདུད་གཅོད་གདམས་པའི་བཅུད།།
བྱིིན་རླབས་འབུམ་གྱི་ཚན་ཁ་འབར་བ་བསྩལ།།
མ་རྟོགས་ལོག་པར་རྟོག་པའི་ཀུན་སློང་གིས།།
ལུང་དང་རིགས་པའི་རྒོལ་བ་བརྩམ་པའི་ཁྱུ།།
འཇམ་དཔལ་རྡོ་རྗེ་རྣོན་པོའི་ཤེས་རབ་ཀྱིས།།
རེ་ཞིག་སྨྲ་བ་མེད་པའི་གནས་སུ་བསྐྱལ།།
རེ་དོགས་བོར་བའི་དོན་གྱི་རབ་བྱུང་མ།།
འཇིག་རྟེན་མཐུན་པར་འཇུག་ཀྱང་མི་འཆིང་བས།།
འདམ་གྱི་གསེབ་ན་ཆུ་སྐྱེས་བཞད་པ་ལྟར།།
ཕྱི་ལྟར་གྲོང་པའི་སྤྱོད་པ་ལྷུར་དུ་བཞེས།།
མཐོ་དམན་དྲག་ཞན་མཛེ་ཡིས་བཏབས་པ་སོགས།།
ཁམས་དབང་བྱེ་བྲག་སྣ་ཚོགས་གདུལ་བྱའི་རིགས།།
རྣམ་མང་སྐྱེ་བོར་དམ་ཆོས་སྨན་བཟང་བོས།།
གྲོལ་ལ་རབ་དུ་མཁས་པའི་རྗེ་བཙུན་མ།།
མ་འོངས་སྐལ་ལྡན་འགྲོ་ལ་སྨན་སླད་དུ།།
མཁའ་སྤྱོད་གཉིས་པ་ཟངས་རི་མཁར་དམར་སོགས།།
མཐོང་གྲོལ་ངོ་མཚར་སྒྲུབ་པའི་གནས་མང་པོ།།
ཞབས་མཐིལ་རྡོ་རྗེའི་རེ་ཁཱས་སྤུད་པར་བྱས།།
གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་གྱུར་ཀྱང་།།
བསྟན་པ་རིན་ཆེན་ཕྱོགས་ཀུན་རབ་རྒྱས་ནས།།
བདུད་བཞིའི་དཔུང་ཚོགས་འཇོམས་པའི་རྒྱལ་རྟགས་སུ།།
ཐབས་ཤེས་ཟུང་འཇུག་ཡེ་ཤེས་སྣང་བ་འབར།།
གཉིས་འཛིན་ནད་ཀྱིས་རབ་ཏུ་གདུང་བ་ཡི།།
བདག་སོགས་འགྲོ་བས་གནས་ལུགས་དོན་རྟོགས་ནས།།
བྱམས་དང་སྙིང་རྗེའི་ཟས་ལ་རྟག་རོལ་ཏེ།།
ཟག་མེད་བདེ་བ་ཆེན་པོ་མྱོང་གྱུར་ཅིག།
ཅེས་རྗེ་བཙུན་མ་ལབ་ཀྱི་སྒྲོན་མར་སྙིང་ནས་གུས་པའི་རྒྱལ་ཁམས་པ་པདྨ་ཆོས་ཉིད་རྡོ་རྗེའམ་ཡོངས་གྲགས་སུ་ཨ་གནམ་ཐུབ་བསྟན་དུ་འབོད་པས་ཨ་རིའི་ལྷོ་ནུབ་ཕྱོགས་ཀྱི་ངོ་མཚར་བའི་ཡུལ་ལྗོངས་ཁེ་ཉིན་རྡེ་ཤེ་ཞེས་པར།ནུབ་ཕྱོགས་པའི་རྣལ་འབྱོར་བའི་ཚོགས་དང་མཉམ་དུ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་བའི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཉམས་སུ་ལེན་སྐབས་སུ་དང་བ་ཆེན་པོས་སྦྱར་བའོ།།