རང་སྣང་རྣམ་དག་གྲུ་འཛིན་ཕོ་བྲང་ནས།།
རབ་མཛེས་ཏཱཾ་ཡིག་འོད་ལས་བཞད་པའི་ལྷ།།
རྒྱལ་བ་ཀུན་ཡུམ་རྗེ་བཙུན་སྒྲོལ་མ་ལ།།
ཇི་སྲིད་བྱང་ཆུབ་བར་དུ་བདག་སྐྱབས་མཆི།།
ལས་དང་ཉོན་མོངས་རླུང་གིས་བདས་བཞིན་དུ།།
འཇིགས་རུང་འཁོར་བའི་ཐང་སྟོང་ལ་དོར་ནས།།
སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་དག་ལ།།
བྱམས་བརྩེའི་བདུད་རྩིའི་ཟེགས་མ་འབེབ་པར་ཞུ།།
སྟོབས་དང་དཔལ་གྱིས་དྲེགས་པའི་བརྒྱ་བྱིན་དང་།།
ཚངས་དབང་སོགས་ཀྱང་རང་ཉིད་མ་གྲོལ་ན།།
དུས་ཀུན་བསླུ་མེད་གཏན་གྱི་མགོན་པོ་མཆོག།
ཁྱོད་ལས་སྐྱབས་གཞན་བཙལ་བ་རྨོངས་པའི་རྒྱུ།།
རྒྱལ་བ་ཀུན་བསྐྱེད་སྟོང་ཆེན་ཤེས་རབ་གཟུགས།།
ནམ་ཡང་བུད་མེད་རྣམ་པ་མི་འདོར་བར།།
ཏཱ་རའི་མཚན་གྱི་ཅོད་པན་འཆིང་ངེས་པའི།།
དམ་བཅའ་རྡོ་རྗེའི་རི་མོ་བཀོད་པ་རྨད།།
ཕྱི་ལྟར་རྟགས་ཀྱི་ལྷ་རུ་བཞེངས་གྱུར་ཀྱང་།།
དོན་དུ་སེམས་ཀྱི་ཆོས་ཉིད་ལ་བཞུགས་པས།།
ཡེ་གནས་བདེ་བར་གཤེགས་པའི་རྒྱལ་མོ་ཉིད།།
བདག་ཅག་རྣམས་དང་འབྲལ་བ་མེད་པས་དགའ།།
མ་བཅོས་སྟོང་པ་ཉིད་ཀྱི་གནས་ལུགས་ལ།།
མཐའ་བྲལ་སྙིང་རྗེ་ཆེན་པོའི་རྒྱས་བཏབས་པའི།།
ཡེ་ཤེས་རང་གཟུགས་ལྷག་པའི་ལྷ་མོ་མཆོག།
གང་ཞལ་མཇལ་བའི་སྐལ་བ་བདག་ལ་གནོང་།།
སྲིད་ཞིའི་ཁམས་ཀྱི་མཛེས་སྡུག་མཆིས་སོ་ཅོག།
མཚན་དཔེའི་ཕུང་པོ་གཅིག་ཏུ་བཟླུམས་པ་བཞིན།།
མཐོང་བ་ཙམ་གྱིས་ཡིད་ཀྱི་གདུང་སེལ་བ།།
ཡོན་ཏན་མ་ལུས་རྫོགས་པའི་སྐུ་ལ་བསྟོད།།
ཤིན་ཏུ་སྙན་འཇེབས་གསུང་གི་རོལ་མོ་ཡིས།།
སྟོང་ཁམས་ཡངས་པར་ཟབ་རྒྱས་ཆོས་ཀྱི་སྒྲ།
སྙན་འཇེབས་དབྱངས་སུ་གྱེར་བའི་སྒྱུ་རྩལ་ལ།།
འགྲོ་བ་ཀུན་གྱི་ཡིད་བརྟན་ཅིར་ཡང་ཤོར།།
ཆོས་ཀུན་ས་ལེར་གཟིགས་བཞིན་འགྲོ་དག་ལ།།
རྗེས་སུ་རབ་ཆགས་བརྩེ་བ་མ་དོར་བ།།
ཁྱབ་བརྡལ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན།།
གང་ཐུགས་དཔག་པར་དཀའ་བ་ལྷ་ལམ་བཞིན།།
ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་ཀུན་གྱི།།
ཕྲིན་ལས་སྣ་ཚོགས་འདུས་པའི་ངོ་བོ་ཉིད།།
མ་དག་ཁམས་ཀྱི་ཡིད་ཅན་སྒྲོལ་བ་ལ།།
ཁྱོད་ལས་འཕགས་པ་གང་དུ་རྙེད་མ་གྱུར།།
སྟོབས་དང་ཏིང་འཛིན་རྒྱ་མཚོ་མངའ་བརྙེས་པས།།
ཉམ་ཐག་འགྲོ་རྣམས་འཇིག་པ་ལས་སྐྱོབ་ཞིང་།།
ཕ་རོལ་བདུད་དགྲ་འཇོམ་ལ་ཆེས་དཔའ་བ།།
འདི་ཕྱི་ཀུན་གྱི་དེད་དཔོན་རྗེ་བཙུན་མ།།
ཐབས་ཤེས་ཟུང་འཇུག་སྤྲུལ་གཞི་ཡེ་ཤེས་ཆེ།།
གང་ལ་གང་འདུལ་ཚད་མེད་གར་གྱི་བདག།
འགྲོ་དོན་བདེ་བར་སྒྲུབ་མ་ཉེར་གཅིག་གི།།
རྣམ་པར་འཕྲོས་ལ་བཅོམ་ལྡན་རྒྱལ་བས་བསྔགས།།
རིང་ནས་ཆོས་སྐུ་ཞི་བར་སངས་རྒྱས་ཀྱང་།།
དུག་གསུམ་དབང་གིས་སྲིད་ན་འཕྱན་པ་ཡི།།
མཐའ་ཡས་འགྲོ་རྣམས་སྡུག་བསྔལ་བསྔལ་ལས་ཕྱུང་ཕྱིར།།
གཞན་དོན་འབད་མེད་མཛད་ལ་སྙིང་ནས་གུས།།
དེ་བཞིན་ཉིད་ཀྱི་གནས་ལུགས་ལ་རྨོངས་ནས།།
མེད་ལ་ཡོད་པར་བཟུང་བའི་འཁྲུལ་བའི་གྲོང་།།
ཤིན་ཏུ་འཚུབ་པ་ན་བུན་ལྟ་བུའི་ཀློང་།།
ཡུན་རིང་འཁྱམས་པ་མཐོང་བས་ཡིད་སེམས་སྡུག།
ད་ནི་འཁོར་བར་འཕྱན་པ་ཡུན་རིང་བས།།
གཏན་བདེའི་མལ་དུ་ངལ་གསོ་ལ་དགའ་བ།།
བདག་དང་བདག་འདྲའི་ཡིད་ཅན་མཐའ་དག་ལ།།
ཐར་བ་མཆོག་གི་དངོས་གྲུབ་རིང་མིན་སྩོལ།།
ཐོག་མེེད་དུས་ནས་རང་སེམས་རྨོངས་བྱས་པའི།།
བདེ་བའི་སྲོག་རྩ་གཅོད་པའི་ནད་ཆེན་པོ།།
ཉོན་མོངས་དུག་ལྔའི་འཇིགས་པ་ལས་གྲོལ་ནས།།
ཟག་མེད་སེམས་ཀྱི་ཆུ་གཏེར་རྒྱས་པར་སྨོན།།
མུ་མེད་ལྟ་བའི་ཡོ་ལང་དྲག་ཏུ་འཁྲུགས།།
ལྟར་སྣང་རིགས་པའི་བ་དན་དགུང་དུ་འཕྱོ།།
སྐུར་འདེབས་མཚོན་གྱི་དབལ་ཁ་རབ་རྣོ་བའི།།
ཆད་ལྟ་བདུད་ཀྱི་དབང་དུ་མ་བཏང་ཞིག །
གནས་ལུགས་རྟོགས་པའི་དཔའ་གདེངས་མི་ལྡན་ཞིང་།།
གཏི་མུག་ཟས་ཀྱིས་རེ་ཞིག་ཚིམ་པ་ལས།།
རྟོག་བཏགས་གྲུབ་མཐའི་ཁོལ་བོར་ལུས་བྱེད་པའི།།
རྟག་ལྟའི་ལྕགས་སྒྲོག་གསེབ་ལས་སྒྲོལ་བར་སྨོན།།
སྔར་མེད་སེམས་ཀྱི་སྨྱོ་ནད་དུག་རླངས་ཀྱིས།།
རབ་ཏུ་བཟི་བའི་སྐྱེ་བོ་མང་དག་ནི།།
འཁྲུག་རྩོད་རུ་ཏྲའི་ཆོ་གར་རོལ་དུས་འདིར།།
ཤེས་རབ་ཉིན་བྱེད་ནང་ནས་འཆར་བར་མཛོད།།
མཐའ་བརྒྱད་སྤྲོས་པའི་རྡུལ་གྱིས་མ་གོས་པའི།།
འབྱམས་ཀླས་ཆོས་དབྱིངས་ནམ་མཁའ་རབ་གསལ་ངོས།།
འོད་གསལ་ལྟ་བའི་ཟེར་མདངས་ཕྱོགས་ཀུན་ཁྱབ།།
ངེས་དོན་རྒྱལ་བའི་དགོངས་པ་མངོན་གྱུར་ཤོག།
བྱམས་དང་བརྩེ་བའི་ལམ་ཉིད་མ་གོམས་ཤིང་།།
ཆགས་སྡང་བསྲེག་ཟ་ཁོང་ན་མཆེད་པའི་མཐུས།།
རང་གཞན་གནོད་པར་གཞོལ་བའི་དུས་ངན་འདིར།།
ཞི་བསིལ་ཆོས་ཀྱིས་གཞན་སེམས་ཟིལ་གྱིས་ནོན།།
ཕྱི་དང་ནང་གི་ཡོངས་འཛིན་ལེགས་བསྟེན་ཞིང་།།
ཐོས་བསམ་སྒོམ་པའི་ལས་ལ་རྟག་གཞོལ་ཏེ།།
ཤིན་ཏུ་རྙེད་དཀའ་དལ་འབྱོར་མི་ཡི་ལུས།།
ཚེ་འདིར་དོན་ལྡན་ནུས་པར་བྱིན་གྱིས་རློབས།།
མ་བརྟགས་ཉམས་དགའ་སྙན་གྲགས་ལོངས་སྤྱོད་སོགས།།
སྙིང་པོས་དབེན་པའི་སྒྱུ་མའི་གཡོ་འཕྲུལ་ལ།།
སྐད་ཅིག་ཙམ་ཡང་ཞེན་པ་མི་འབྱུང་བར།།
དད་དང་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས།།
ཚེ་འདིར་མི་འདོད་མཐའ་དག་འབྱུང་བའི་གཞི།།
རེ་དང་དོགས་པའི་འདྲེ་ཡིས་རྒོལ་བ་ན།།
དྲན་དང་ཤེས་བཞིན་གོ་ཆ་མི་དོར་བར།།
རོ་སྙོམས་ཐབས་ལ་མཁས་པར་བྱིན་གྱིས་རློབས།།
སྐྱེ་དང་འཆི་བའི་བར་དོ་ཐམས་ཅད་དུ།།
རང་རིག་དོན་གྱི་སྒྲོལ་མ་མི་བརྗེད་པར།།
དགའ་སྡུག་སྣང་བ་སྣ་ཚོགས་ཅི་བྱུང་ཡང་།།
ཀ་དག་དགོངས་པར་གྲོལ་བར་བྱིན་གྱིས་རློབས།།
ཇི་ལྟར་དགེ་བའི་ལས་ལ་བརྩོན་གྱུར་ཀྱང་།།
སྣ་ཚོགས་མི་འདོད་རྐྱེན་གྱིས་གཙེས་པའི་ཚེ།།
རིན་ཆེན་བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས།།
སྤྱོད་པས་ཐོག་བརྫི་ནུས་པར་བྱིན་གྱིས་རློབས།།
ནང་གི་རྣམ་རྟོག་དྲག་དུ་འབར་བ་ལས།།
སྣང་བ་ཡོད་ཚད་དགྲ་རུ་ཤར་བ་དང་།།
རྩ་རླུང་འཁྲུགས་པའི་ནད་ཀྱིས་བཏབས་པའི་ཚེ།།
བར་ཆད་དབྱིངས་སུ་ཞི་བར་བྱིན་གྱིས་རློབས།།
སྲིད་པའི་སེམས་ཀྱི་རོ་ལ་མི་སྲེད་པར།།
འཕགས་པའི་ལམ་གྱི་ཏིང་འཛིན་ལ་སྤྱོད་ནས།།
བདག་མེད་གནས་ལུགས་མངོན་དུ་མཇལ་བའི་མཐུས།།
ཟབ་ཞིའི་དགའ་སྟོན་མྱོང་བར་བྱིན་གྱིས་རློབས།།
འདུས་བྱས་རང་བཞིན་སྒྱུ་མར་མ་རྟོགས་ཤིང་།།
བདག་ཉིད་གཅེས་པའི་བག་ཆགས་མ་དག་པས།།
ཐ་མལ་སོ་ཚིས་བསྒྲུབ་པས་དུས་ཟད་ཚེ།།
གཞན་ཕན་བློ་ཡི་མེ་ཏོག་བཞད་པར་སྨོན།།
ཐབས་ཤེས་ཟུང་འཇུག་གྲུ་དང་མི་འབྲལ་བར།།
མཐའ་མེད་སྲིད་པའི་མཚོ་ཆེན་ལས་བརྒལ་ཞིང་།།
གཏན་བདེ་ཐར་པའི་གླིང་དུ་ལེགས་བགྲོད་ནས།།
སྐུ་བཞི་ཡེ་ཤེས་ལྔ་ལ་དབང་བསྒྱུར་ཤོག །
མ་དག་འཁྲུལ་བའི་ཀུན་རྫོབ་རང་དག་ནས།།
སྣང་བ་ཐམས་ཅད་རྒྱལ་ཡུམ་སྒྲོལ་མའི་དལ།།
བརྟན་གཡོའི་སྒྲ་ཀུན་སྔགས་ཀྱི་འཁོར་ལོ་དང་།།
དྲན་རྟོག་ཆོས་སྐུའི་རོལ་བར་སད་གྱུར་ཅིག།
ཅེས་ཕྱི་ལོ༢༠༡༧ལོའི་ཟླ་༤བའི་ཚེས་༡༨ལ་གནམ་གྲུའི་ནང་དུ་མཁའ་དབྱིངས་སུ་བསྐྱོད་སྐབས། སྤྲིན་དཀར་གྱི་ཕུང་བོ་ལ་ཉི་ཟེར་གྱིས་ཕོག་པ་མཐོང་བས་རྐྱེན་བྱས་ནས་སེམས་ནང་ལ་དད་གདུང་སྤུ་སི་མ་ཞིག་ཐོལ་བྱུང་དུ་སྐྱེས་སྐབས་སུ། བདག་གྱི་ན་བ་ཨ་གནམ་ཐུབ་བསྟན་ནམ་པད་མ་ཆོས་ཉིད་རྡོ་རྗེར་འབོད་པས་སྤེལ་བ་དགེའོ།།