དཀར་ཆག
བསྟོད་ཚོགས

དོན་གྱི་ཌཱ་ཀི་ནི་བདེ་ཆེན་རྒྱལ་མོར་བསྟོད་པ་ཟག་མེད་མཆོད་སྤྲིན།

ཆོས་སྐུ་ཡུམ་ཆེན་རྒྱལ་བ་ཀུན་བཟང་མོའི།།
རང་མདངས་མཚན་དཔེའི་སྒྱུ་འཕྲུལ་མཛེས་སྡུག་ཅན།།
ཆགས་བྲལ་ཆགས་པ་ཆེན་པོའི་སྐུར་ཤར་བ།།
དབྱིངས་ཀྱི་གཙོ་མོ་རྡོ་རྗེ་རྣལ་འབྱོར་མ།།

སྲིད་པའི་འགྲོ་ལ་བརྩེ་བ་མ་དོར་བས།།
མཐའ་ཡས་ཞིང་དུ་སྤྲུལ་བའི་གར་བསྒྱུར་ཞིང་།།
གངས་ཅན་དཔལ་དུ་ཡེ་ཤེས་མཚོ་རྒྱལ་ཞེས།།
མི་ཡི་རྣམ་པར་རོལ་བའི་དགའ་སྟོན་རྨད།།

རྣམ་ཐར་སྒོ་གསུམ་སྟོང་པ་ཉིད་ཀྱི་རྒྱལ།།
འཁོར་འདས་ཀུན་ལ་མངའ་དབང་བསྒྱུར་བྱས་དེ།།
ཕ་རོལ་བདུད་བཞིའི་དཔུང་ཚོགས་ཟ་བྱེད་མ།།
རིགས་བརྒྱའི་གཙོ་མོ་སྙིང་གི་ཐིག་ལེར་བསུ།།

ཤེས་དང་ཤེས་བྱ་གཅིག་ཏུ་གྱུར་ན་ཡང་།།
ཀུན་རྫོབ་འགལ་འདུའི་སྣང་བ་ལ་སྲེད་ནས།།
རྟོག་གེའི་ལམ་ནས་དེ་ཉིད་བཙལ་བའི་བློ།།
བརྗོད་མེད་རིག་པའི་མཚོན་གྱིས་གཅོད་པར་མཛོད།།

རྒྱུ་དང་རྐྱེན་ལས་འདུས་མ་བྱས་པའི་ཀློང་།།
རྣམ་རྟོག་ཀུན་ཞིག་མཁའ་སྤྱོད་རྡོ་རྗེའི་ཞིང་།།
རང་སྣང་དག་པ་རབ་འབྱམས་ཕོ་བྲང་ན།།
ལྷ་མོ་ཁྱོད་ནི་དུས་གསུམ་ཀུན་ཏུ་བཞུགས།།

ཚེ་རབས་གཏན་དུ་འགྲོགས་པའི་དོན་གྱི་གྲོགས།།
ཀུན་རྫོབ་རྩོལ་བས་ལན་མང་བཙལ་གྱུར་ཀྱང་།།
མ་རྙེད་དཀའ་བའི་ཟུག་རྔུ་ཡོངས་དོར་བས།།
ད་གཟོད་ཁྱོད་ཀྱི་མཛེས་ཞལ་ནང་ནས་མཇལ།།

མ་དག་གཉིས་འཛིན་རྨོངས་པའི་དུག་ཆུ་ཡིས།།
སྙིང་ལ་སྡུག་བསྔལ་ནད་ཀྱིས་བཏབས་པའི་ཚེ།།
གང་གི་མཚན་ཙམ་བརྗོད་པས་མྱུར་བ་རུ།།
རབ་ཡངས་ཐུགས་རྗེས་འགྲོ་འདི་དབུགས་དབྱུང་བྱས།།

གར་གནས་དྷུ་མ་ཐ་ལའི་དགའ་ཚལ་དུ།།
གང་སྣང་རྣལ་འབྱོར་མ་ཡི་ཟློས་གར་ཉིད།།
རབ་འབྱམས་ལྷ་ཡི་དཀྱིལ་འཁོར་ལ་སད་ནས།།
མ་དག་ཆོས་ཀུན་རང་ས་ཉིད་དུ་དེངས།།

གཞན་དུ་བཙལ་བས་རྙེད་པར་མ་གྱུར་ཞིང་།།
ཐོག་མེད་དུས་ནས་རྟག་ཏུ་འགྲོགས་པའི་ལྷ།།
རང་བྱུང་སེམས་ཀྱི་ཆོས་ཉིད་འོད་གསལ་བ།།
བརྗོད་མེད་དབྱིངས་ཀྱི་མཁའ་འགྲོ་ནང་ན་གནས།།

མི་སྡུག་ནད་དང་འཆི་བའི་སྲིན་མོ་ཡིས།།
ལག་པའི་སེན་མོའི་བཙན་གྱིས་འདེབས་པ་ན།།
རེ་དོགས་བདུད་ཀྱི་བཙོན་རྭ་ལས་གྲོལ་ཏེ།།
རང་རིག་གདོད་མའི་དབྱིངས་སུ་བསྐྱལ་བར་སྨོན།།

སྐབས་འགར་དགའ་བར་བྱེད་པའི་མཛེས་མ་དང་།།
གཞན་དུ་མི་འདོད་བསྒྲུབ་པའི་འདྲེ་མོ་སྟེ།།
ཞི་དང་ཁྲོ་བོའི་རྣམ་འགྱུར་ངོམས་མཛད་མ།།
དེང་ནས་བདག་ནི་ཁྱོད་ཀྱི་བྲན་དུ་འབུལ།།

སྔོན་ཚེ་སྐལ་ལྡན་རིག་པ་འཛིན་པའི་ཁྱུ།།
མངོན་སུམ་གཟུགས་སུ་བསྟན་ཞིང་རྗེས་བཟུང་ལྟར།།
གནས་འདི་ཉིད་དུ་མཛེས་ཞལ་མྱུར་སྟོན་ནས།།
འཇིགས་རུང་སྒྱུ་མའི་གྲོང་ལས་ད་ཁྲིད་ཅིག།

སྣང་ཡང་བདེན་པར་མ་གྲུབ་འདི་སྣང་ཆོས།།
སྐྱེ་རྒ་ན་འཆིའི་ཆོ་འཕྲུལ་ཡོད་དོ་ཅོག།
ཁྱོད་ཀྱི་བྱིན་རླབས་སྙིང་ལ་རེག་མ་ཐག།
རྨི་ལམ་དེངས་བཞིན་ཆོས་ཉིད་དབྱིངས་སུ་ཞིག།

ཇི་ལྟར་དཔྱད་ཀྱང་བདེན་པ་མ་མཐོང་ན།།
སྒྲ་དང་རྟོག་པའི་ལམ་ལ་མི་བརྟེན་པར།།
ད་ལྟ་ཉིད་དུ་གཉུག་མའི་རིག་པ་འདི།།
སྟོང་ཆེན་རྒྱལ་མོའི་གཟུགས་སུ་རོལ་བར་ཤོག།

སྣ་ཚོགས་གྲུབ་མཐའི་དྲྭ་རྒྱ་ལ་ཚུད་ནས།།
ཆགས་སྡང་བདུད་ཀྱིས་རང་སེམས་བསླུས་པའི་ཚེ།།
བརྗོད་བྲལ་སེམས་ལས་འདས་པའི་དོན་མྱོངས་ནས།།
མཆོག་གི་དངོས་གྲུབ་རོལ་བའི་སྐལ་བ་སྩོལ།།

མཁའ་ཁྱབ་མཁའ་ཡི་བྷ་ག་བདེ་བའི་གྲོང་།།
ཟག་མེད་མཉམ་པ་ཉིད་ཀྱི་འཁོར་ལོ་ཆེ།།
འཕོ་འགྱུར་བྲལ་བ་དོན་གྱི་འོག་མིན་ན།།
ལྷན་སྐྱེས་ཡེ་ཤེས་མངོན་དུ་གྱུར་བར་ཤོག།

ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝཱ་རཱ་ཧི་ཧཱུཾཿ

ཞེས་ལྷག་པའི་ལྷ་མོ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ཕྲན་པད་མ་ཆོས་ཉིད་རྡོ་རྗེས་སྦྱར་བའོ།།