འབད་རྩོལ་དྲི་མས་མ་གོས་པར།།
ཡེ་ཤེས་ཚོགས་ཆེན་རྫོགས་པ་ལས།།
འཁོར་བ་མེད་པར་རང་གྲོལ་བ།།
ཀུན་ཏུ་བཟང་པོ་ལ་ཕྱག་འཚལ།།
ཟག་པ་ཀུན་ཟད་བདེ་བ་ལ།།
ཚིམ་པ་མེད་པར་རོལ་བའི་མཐུས།།
འཕོ་འགྱུར་ལས་འདས་དོན་རྟོགས་པ།།
དྲི་མེད་འོད་ཟེར་ཞབས་ལ་འདུད།།
ཁ་བ་རི་པའི་ཞིང་ཁམས་སུ།།
གཟའ་སྐར་ལྟར་དུ་བཀྲ་བ་ཡི།།
མཁས་དང་གྲུབ་པ་མང་པོའི་ཁྲོད།།
ཁྱོད་ནི་ཉ་གང་ཟླ་ལྟར་འབར།།
ཤེས་བྱའི་ནོར་བུ་འབུམ་ལྡན་པའི།།
རབ་འབྱམས་གཞུང་ལུགས་ཀླུ་ཡི་དབང་།།
མཁྱེན་པས་བདག་གིར་བྱས་པ་ཡི།།
དོན་གྱི་མ་ཧཱ་པཎྜི་ཏ།།
སྲིད་པར་སྙིང་པོ་མེད་གཟིགས་ནས།།
གཡེང་བ་ཐམས་ཅད་རབ་དོར་ཏེ།།
སྡེ་སྣོད་འཛིན་པའི་བརྟུལ་ཞུགས་ཀྱིས།།
བསླབ་པ་གསུམ་ལ་གཞོལ་བར་མཛད།།
མདོ་དང་རྒྱུད་ལས་བསྟན་པ་ཡི།།
དགེ་བའི་བཤེས་ཀྱི་མཚན་ཉིད་ཅན།།
འཕགས་པའི་སློབ་དཔོན་དག་གི་ཞབས།།
སྤྱི་བོའི་རྒྱན་དུ་དད་པས་བཀོད།།
གྲུབ་མཐའི་ཕྱོགས་སུ་མ་ལྷུང་བར།།
མཁས་དང་གྲུབ་པ་རྒྱ་མཚོ་ལས།།
རིས་སུ་མ་ཆད་ཆོས་ཚུལ་ལ།།
རྟག་གུས་སྦྱོར་བས་ཅིར་ཡང་རོལ།།
གངས་ཅན་ཞིང་ན་གྲགས་པའི་རྔ།།
ཕྱོགས་ཀུན་བརྡུངས་པས་མཁས་པ་དག།
གང་གི་འཆད་རྩོད་རྩོམ་པ་ལ།།
ཡིད་ཀྱི་བརྟན་པ་དབང་མེད་ཤོར།།
རྒྱལ་བ་ཀུན་གྱི་མཁྱེན་པའི་གཟུགས།།
འཇམ་དཔལ་གཞོན་ནུ་མངོན་སུམ་དུ།།
ཆོས་ཀྱི་འཁོར་ལོར་བཞེངས་པས་ན།།
བཀའ་དང་བསྟན་བཅོས་མ་ལུས་མཁྱེན།།
ཤེས་རབ་གཞོན་ནུ་ལ་དུང་བའི།།
མཚོ་བྱུང་ལྷ་མོས་མགྲིན་པ་རུ།།
དྲི་ཟའི་རྒྱུད་མངས་འཁྲོལ་བའི་ཚེ།།
སྙན་ཚིག་ཐོལ་བྱུང་ཆུ་ལྟར་བརྡོལ།།
བདེན་གཉིས་ཟུང་འཇུག་སྟོང་པ་ཉིད།།
ཐུགས་གསང་ཡེ་ཤེས་ལ་ཤར་བས།།
སྒྱུ་མར་སྲེད་པ་རྩད་ནས་ཞིག།
འཇིག་རྟེན་ལས་གྲོལ་ཀུན་སྤངས་པ།།
སྟོན་འཁོར་ཐ་མི་དད་པ་རུ།།
ཁྱབ་བདག་རྒྱལ་བས་བསྒྲགས་པ་ཡི།།
ཤིན་ཏུ་རྟོགས་དཀའ་རྒྱུད་ཀྱི་དོན།།
གསལ་བར་འགྲེལ་ལ་ཟླ་མ་མཆིས།།
རང་རིག་རྡོ་རྗེ་སེམས་དཔའ་ཆེ།།
གཞིར་གནས་ཐོག་མའི་འོད་གསལ་ཉིད།།
སྒྲིབ་པའི་སྤྲིན་ཚོགས་དེངས་པ་ལས།།
འབྲས་བུ་ཀ་དག་ཀློང་དུ་རོལ།།
གདན་ཐོག་གཅིག་ལ་གྲོལ་བའི་ཆོས།།
ཐེག་དགུའི་རྩེ་མོ་ཨ་ཏིའི་བསྟན།།
ནུབ་ཀྱི་རི་བོར་ཆས་པའི་ཚེ།།
སླར་ཡང་གསལ་བར་བྱས་པ་རྨད།།
གངས་རི་ཐོད་དཀར་ལ་སོགས་པར།།
ཏིང་འཛིན་བདུད་རྩི་ལ་སྤྱོད་པས།།
རང་བྱུང་རིག་པའི་དགའ་མ་ཡིས།།
མཛའ་བའི་དགའ་བ་འབུམ་ཀྱང་སྟེར།།
ཀུན་བཟང་རྒྱལ་བའི་བསྟན་པ་ལ།།
ཤེས་རབ་དམན་པའི་དབང་གྱུར་འགས།།
སྐུར་འདེབས་གཏམ་གྱིས་ཅོ་འདྲི་བར།།
ལུང་རིགས་རྣམ་དག་ལན་ཏུ་བསྩལ།།
གྲུབ་མཐའ་ཀུན་གྱི་ཡང་སྙིང་ཉིད།།
སེམས་ཀྱི་གསང་བ་བདེ་བླག་ཏུ།།
མངོན་དུ་བྱེད་ཚུལ་བསྟན་པ་ཡིས།།
ཐར་བ་འདོད་དག་དགའ་བར་གྱུར།།
སྲིད་གསུམ་ནོར་གྱིས་མི་གཞལ་ཞིང་།།
བྱིན་རླབས་འཛད་མེད་འབྱུང་བའི་གནས།།
ཡོངས་རྫོགས་བསྟན་པ་བཀྲལ་བའི་གཞུང་།།
སྐལ་བ་ལྡན་པའི་དཔལ་དུ་གནང་།།
ཆོས་བརྒྱད་སྒྱུ་མའི་བྲོ་གར་ལ།།
བདེན་པར་འཛིན་པའི་བློ་དོར་ནས།།
ཐམས་ཅད་རོ་སྙོམས་ལ་བརྡལ་བ།།
འཇིགས་མེད་ཧེ་རུ་ཀ་པ་དངོས།།
དགེ་སྦྱོང་དང་ནི་བླ་ཆེན་དང་།།
གྲུབ་ཐོབ་མིང་ཅན་ཕལ་མོ་ཆེས།།
རྙེད་བཀུར་འབའ་ཞིག་བསྒྲུབས་ནའང་།།
ཁྱོད་ཀྱིས་འཁྲི་བ་རྩད་ནས་བཅད།།
རི་དབང་ལྟར་བརྟན་བྱང་ཆུབ་སེམས།།
ཕྱོགས་མཐར་གཏུགས་པའི་སྙིང་རྗེ་དང་།།
གཉིས་སུ་མི་བརྟེན་ཡེ་ཤེས་ཀྱིས།།
དྲི་མ་མེད་པའི་ཐུགས་རྒྱུད་ཕྱུག།
དོན་གྱི་སྲོག་སྙིང་གིས་དབེན་པའི།།
རྟོག་གེའི་ཐ་སྙད་ཙམ་མིན་པར།།
ཆོས་ཉིད་རྗེན་པར་མཇལ་བའི་ལམ།།
ཤིང་རྟའི་སྲོལ་བཟང་འབྱེད་ལ་དཔའ།།
རང་བྱུང་གཉུག་མའི་ཡེ་ཤེས་ཆེ།།
ད་ལྟ་ཉིད་དུ་ངོ་སྤྲོད་པ།།
མྱུར་གྲོལ་ཆོས་སྐུའི་གདམས་པ་ཡིས།།
གཞན་དག་གདོད་མའི་བཙན་སར་ཁྲིད།།
དགོངས་པ་ཆོས་སྐུའི་ནམ་མཁའ་ལས།།
རིག་འཛིན་རྒྱལ་བ་ཡོངས་ཀྱི་ནོར།།
མཁའ་འགྲོའི་ཞལ་རླངས་མ་ཡལ་བའི།།
ཟབ་མོའི་ཆོས་ཚན་རྩོལ་མེད་དྲངས།།
སྨྲ་བསམ་བརྗོད་བྲལ་རྟོགས་དཀའི་དོན།།
ཀུན་རྫོབ་མཚན་མ་ལས་འདས་པ།།
ཆོས་ཉིད་ལྟ་བའི་གད་མོ་ཡིས།།
དངོས་འཛིན་མཁན་པོ་དངངས་པར་བྱས།།
རྒྱལ་དབང་པད་མ་བཞུད་པའི་ཤུལ།།
སྙིང་པོའི་བསྟན་པ་མེ་རོ་ཙམ།།
སཱ་ལའི་ལྗོངས་སུ་མཆེད་པ་ན།།
སླར་ཡང་རྒྱ་ཆེན་དར་བར་མཛད།།
ཀློང་གསུམ་སྡེ་དགུ་ཐེག་པའི་རྩེར།།
ནང་བྱན་ཆུད་པའི་རྣལ་འབྱོར་བ།།
གདོད་མའི་མགོན་པོ་ཀུན་ཏུ་བཟང་།།
ཞིང་འདིར་དངོས་སུ་ཆས་པ་བཞིན།།
ཀ་དག་ཁྲེགས་ཆོད་ལྟ་སྒོམ་གྱིས།།
དངོས་སྣང་འཁྲུལ་བ་དབྱིངས་སུ་བཤིག།
ལྷུན་གྲུབ་ཐོད་རྒལ་ལམ་བྱས་པས།།
སྣང་བཞི་མཐའ་རུ་ཕྱིན་པར་གྱུར།།
ཕྱི་ལྟར་ཞི་ཞིང་དུལ་བས་མཛེས།།
ནང་ལྟར་རྒྱལ་བའི་སྲས་པོ་མཆོག།
དོན་དུ་རིམ་གཉིས་རྣལ་འབྱོར་བ།།
རྡོ་རྗེ་འཛིན་པའི་ངོ་བོར་བཞེངས།།
ཆོས་ཉིད་རང་རྩལ་འབར་བའི་འཕྲུལ།།
གཏུམ་མོའི་སྐུར་བཞེངས་རལ་གཅིག་མ།།
བྲན་གྱི་ཚུལ་དུ་བཀུགས་ནས་ནི།།
ཕྲིན་ལས་སྒྲུབ་པའི་སྲུང་མར་གསོལ།།
ཡ་མཚན་དག་པའི་ཞིང་ཁམས་དང་།།
སངས་རྒྱས་བྱང་སེམས་རིག་འཛིན་སྡེ།།
ཡི་དམ་མཁའ་འགྲོའི་ཞལ་གཟིགས་ཤིང་།།
བཀའ་བབས་བྱིན་རླབས་དངོས་གྲུབ་ཐོབ།།
འདའ་ཀར་འཇིགས་མེད་གདེངས་ཆེན་བཅས།།
ལྷ་དང་ལྷ་མོའི་བསུ་མ་ཡིས།།
ཆོས་དབྱིངས་དག་པའི་ཕོ་བྲང་དུ།།
འཆི་མེད་གཉུག་མའི་ས་རུ་དྲངས།།
ཐུགས་གསང་འོད་གསལ་འཁོར་ལོ་ཉིད།།
འདུས་མ་བྱས་པའི་དགོངས་ཀློང་ལས།།
ཡེ་ཤེས་སྒྱུ་མའི་མཚན་དཔེའི་ཡིས།།
ལས་ཅན་གང་ཟག་བརྩེ་བས་བཟུང་།།
ད་ལྟ་དུས་ཀྱི་ཐ་མ་འདིར།།
སྒྲུབ་ལ་བརྩོན་པ་རབ་ཉུང་ཞིང་།།
ཀུན་ཀྱང་སྲིད་ཀྱིས་བསླུས་པའི་ཚེ།།
ཀློང་ཆེན་རྗེ་བོ་སྙིང་ནས་དྲན།།
དེ་ལྟར་བསྟོད་པའི་ལེགས་བྱས་ཀྱིས།།
རེ་དོགས་འཆིང་རྒྱ་ལས་གྲོལ་ཏེ།།
འདི་དང་ཕྱི་མ་ཐམས་ཅད་དུ།།
གཏན་བདེའི་དཔལ་ལ་སྤྱོད་པར་སྨོན།།
ཞེས་ཉིན་ཞིག་ཨ་མེ་རི་ཀ་ནས། ཞང་ཀང་གྲོང་ཁྱེར་དུ་གནམ་གྲུའི་ནང་དུ་བསྐྱོད་སྐབས། དུས་ཚོད་མང་པོར་སེམས་ནང་ལ་འདས་མ་འོངས་དུས་གསུམ་གྱི་རྣམ་རྟོག་སྣ་ཚོགས་སྐྱེས་སྐབས་སུ། གློ་བུར་དུ་གསེར་སྒྲོག་ལྟ་བུའི་སྤྲོས་བཅས་སེམས་ཀྱིས་བཟོས་པའི་ཆོས་ལ་དཀའ་ཐང་ཆད་པའི་ཉམས་ཤར་བར་བརྟེན། སྤྲོས་མེད་བསྟན་པའི་རྒྱལ་བོ་ཀུན་མཁྱེན་བླ་མར་བསྟོད་ཚིག་ཐོལ་བྱུང་དུ་སྤེལ་བའོ།།