དཀར་ཆག
བསྟོད་ཚོགས

གཏེར་བརྒྱའི་གཙུག་རྒྱན་ཧེ་རུ་ཀ་དཔལ་ཁྲག་འཐུང་བདུད་འཇོམས་གླིང་པར་བསྟོད་པ་དཔའ་བོའི་གད་རྒྱངས།

གཞི་དབྱིངས་ཀ་དག་འཕོ་འགྱུར་མེད་པའི་ལྷུམས།།
ནང་གསལ་ཐིམ་ལ་མ་རྨུགས་བུམ་པའི་སྐུར།།
མངོན་སངས་རྒྱས་པས་སྤང་བླང་ཀུན་ཟད་པ།།
ཡེ་གྲོལ་གདོད་མའི་རྣམ་འདྲེན་ལ་ཕྱག་འཚལ།།

རྡོ་རྗེ་འཆང་དབང་མཚོ་སྐྱེས་བླ་མ་ཡིས།།
བསྟན་ཞབས་གཏེར་གྱིས་སྐྱོང་བར་གཟེངས་བསྟོད་ཅིང་།།
བྱོན་དང་འབྱོན་འགྱུར་རིག་འཛིན་ཡོངས་ཀྱི་གཙོ།།
བདག་གི་འདྲེན་པ་བདུད་འཇོམས་གླིང་པར་འདུད།།

རིགས་ལྔ་ཁྲོས་པའི་ཁྲག་འཐུང་ལྷ་ཡི་ཚོགས།།
ཡོངས་རྫོགས་ཧེ་རུ་ཀ་རྣམས་འདུས་པའི་དལ།།
དྲག་ཏུ་འཆོལ་བ་རྡོ་རྗེ་གྲོ་བོ་ལོད།།
ཁྱབ་བདག་བླ་མའི་རྣམ་པར་དབྱིངས་ནས་ཆས།།

རིག་རྩལ་ཆོས་རབ་རྣམ་འབྱེད་བཞད་པའི་མཐུས།།
ཐོས་བསམ་དཀའ་བའི་ལམ་ལ་མ་ཞུགས་པར།།
མདོ་སྔགས་ཐེག་པའི་གཞི་ལམ་འབྲས་བུ་དག །
ལྷན་སྐྱེས་ཤེས་རབ་སྤྱན་ཀྱིས་ཐོགས་མེད་གཟིགས།།

ཆོས་དབྱིངས་ཁྱབ་བརྡལ་འོད་གསལ་ཁོར་ཡུག་ཏུ།།
ཉམས་རྟོགས་དགོངས་པའི་རྩལ་ཆེན་རབ་འབར་བས།།
འགྲོ་སེམས་དབང་དུ་སྡུད་པའི་རྣལ་འབྱོར་བ།།
ངོ་མཚར་གྲུབ་པའི་ལྟད་མོ་བྱེ་བའི་བདག།

ཐར་བའི་སྲོག་ལ་འཚེ་བའི་བདུད་ཀྱི་དཔུང་།།
ཉོན་མོངས་རེ་དོགས་གཉིས་འཛིན་རུ་ཏྲ་ཀུན།།
ཆོས་ཉིད་ཀ་དག་ལྟ་བའི་མཚོན་རྣོན་པོས།།
མིང་ཙམ་མེད་པར་འཇོམས་ལ་ཁྱོད་ཉིད་དཔའ།།

ཀུན་རྫོབ་རྟོག་ཚོགས་ཕྱི་རུ་མངོན་པའི་གཟུགས།།
དགྲ་བགེགས་འབྱུང་བོ་རྒྱལ་པོའི་ལུས་ཅན་ཀུན།།
རྣམ་ཐར་གསུམ་ལྡན་འཇིགས་རུང་ཧོམ་ཁུང་དུ།།
སྐྱེ་བ་མེད་པའི་བཙོན་དུ་ལྡང་མེེད་མནན།།

འཁོར་འདས་མཉམ་པར་བརྡལ་བའི་ལྟ་དགོངས་ལ།།
ཆོས་བརྒྱད་སྒྱུ་མའི་ཆོ་འཕྲུལ་དུ་ཤར་ནས།།
འདི་སྣང་འཁྲི་བ་རྩད་ནས་ཞིག་པའི་བརྡར།།
འཇིགས་མེད་དཔའ་བོའི་སྤྱོད་པ་སྲིད་ན་ངོམས།།

འཇིག་རྟེན་འདས་དང་ས་སྤྱོད་ཞིང་ཁམས་ན།།
བདེ་སྟོང་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཡིས།།
རང་གྲོལ་རྡོ་རྗེའི་གར་སྟབས་བསྒྱུར་བའི་དབུས།།
འདུས་པ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞེངས།།

ཐེག་པ་དམན་པའི་དབང་དུ་གྱུར་བ་དག།
དངོས་འཛིན་སྒྲོག་གིས་ཡིད་བླ྄ོ་བཅིངས་གྱུར་ཀྱང་།།
གསང་ཆེན་ཏ་ན་ག་ནའི་དགའ་སྟོན་གྱིས།།
སྐལ་ལྡན་ཚེ་འདིར་གྲོལ་བའི་བདུད་རྩི་འགྱེད།།

སྐྱེ་རྒུའི་ཡིད་སེམས་ཆོས་ལ་དཀྲི་བ་དང་།།
དྲེགས་པའི་སྡེ་དཔུང་ཟིལ་གྱིས་གནོན་ཕྱིར་དུ།།
མ་དག་རྣམས་ལ་མངོན་སྤྱོད་ཆོ་འཕྲུལ་དང་།།
དག་པའི་ངོ་རུ་ཡ་མཚན་སྤྲུལ་བསྒྱུར་འགྱེད།།

ཇི་ལྟ་ཇི་སྙེད་ཀུན་གཟིགས་འཇམ་པའི་དབྱངས།།
ཚད་མེད་བརྩེ་བའི་དབང་ཕྱུག་སྤྱན་རས་གཟིགས།།
མཐུ་སྟོབས་ནུས་པའི་གཏེར་མཛོད་གསང་བདག་ལྷ།།
རིགས་གསུམ་གཅིག་འདུས་དཔལ་ལྡན་བླ་མ་རྗེ།།

རྟོག་གེའི་བློ་གྲོས་ཙམ་ལ་མ་ལྟོས་པར།།
ཐེག་པ་སྤྱི་དང་ཁྱད་པར་གསང་བ་སྔགས།།
དེ་ཡི་ཉིང་བཅུད་ནང་རྒྱུད་ཡོ་ག་གསུམ།།
ཐོལ་བྱུང་ནཱ་དའི་དབྱངས་ཀྱིས་ལེགས་པར་བཀྲལ།།

ལུང་ལས་མ་བྱུང་ཀུ་ས་ལི་ཡི་ངག།
རིག་པ་ངོ་སྤྲོད་མཁའ་འགྲོའི་གསང་ཚིག་སྟེ།།
བཙན་ཐབས་དགོངས་པ་འཕོ་བའི་མྱུར་ལམ་གྱིས།།
སྐལ་བ་ལྡན་ལ་མཆོག་གི་དངོས་གྲུབ་བསྩལ།།

ཚུལ་ཁྲིམས་ལ་སོགས་ཕྱིན་དྲུག་ལ་སྤྱོད་ཅིང་།།
བཅོས་དང་མ་བཅོས་རྣལ་འབྱོར་བསླབ་པའི་ཚུལ།།
ཐེག་རྩེའི་གསེང་ལམ་ཁྲེགས་ཆོད་ཐོད་རྒལ་བཅས།།
ཡོངས་རྫོགས་བསྟན་པའི་དྷྭ་ཛ་གསར་བ་བསྒྲེངས།།

གཟུགས་ཅན་མི་དང་གཟུགས་མེད་འགྲོ་བའི་ངོར།།
དཔག་ཡས་མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་ཀྱིས།།
གང་འདུལ་གཞན་ཕན་ཐབས་ལ་མཁས་བཞིན་དུ།།
དགོངས་བརྡ་ཚིག་གི་ཆོས་ཀྱི་འཁོར་ལོ་བསྐོར།།

གཟུང་འཛིན་སྤྲོས་པ་དབྱིངས་སུ་ཉེར་ཞིག་པས།།
ཐ་མལ་སྣང་སེམས་གནས་སུ་དག་གྱུར་ཅིང་།།
ཉིན་མཚན་རྣལ་འབྱོར་ཆུ་བོའི་རྒྱུན་ལྟ་བུར།།
ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་རོལ།།

བསྐལ་མང་སྔོན་ནས་དོན་གཉིས་མངོན་བྱས་ཤིང་།།
པད་མའི་དྲུང་དུ་ཁྱེའུ་ཆུང་ལོ་ཙཱ་བ།།
ཆོས་ཀྱི་རྒྱལ་བོ་ཤེས་རབ་སེང་གེ་སོགས།།
སྐྱེ་བའི་ཕྲེང་བ་པད་དཀར་དགའ་ཚལ་བསྟར།།

ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཐུགས་གསང་ཆེ།།
འཛད་མེད་འབྱམས་ཀླས་ནམ་མཁའི་ཀློང་ཡངས་ནས།།
སྨིན་གྲོལ་བྱིན་རླབས་ཚན་ཁ་མ་ཉམས་པའི།།
ཟབ་མོ་གཏེར་གྱི་ཆོས་སྐོར་བྱེ་བ་དྲངས།།

རྣམ་འདྲེན་བྱེ་བའི་མཁྱེན་རབ་གཅིག་བསྡུས་པ།།
འཇམ་དཔལ་སྨྲ་བའི་སེང་གེས་ཞལ་བསྟན་ཅིང་།།
རིན་ཆེན་གསེར་གྱི་སྒྲོམ་བུ་ཉེར་གཏད་པས།།
དག་སྣང་ཡེ་ཤེས་དྲྭ་བའི་སྒོ་མོ་ཕྱེས།།

སྙིང་རྗེའི་མངའ་བདག་གྲུ་འཛིན་མགོན་པོ་ཡིས།།
དག་སྣང་ཡི་གེ་སྐྱེས་སུ་བསྩལ་བ་ལས།།
འོད་གསལ་ཐུགས་ཀྱི་རང་མདངས་མངོན་འཕྲོས་པ།།
ཟབ་ཆོས་དགོངས་པ་ཀློང་བརྡོལ་ཚུལ་དུ་ཤར།།

ནག་ཕྱོགས་ཀུན་འཇོམས་གསང་བའི་བདག་པོ་ཆེས།།
ཡང་ཟབ་ཐུགས་ཀྱི་མཚོན་བྱེད་མཆོད་རྟེན་བཅས།།
ཟང་ཐལ་རིག་པ་རྩལ་གྱི་དབང་བསྐུར་ཚེ།།
ཆོས་ཉིད་ནམ་མཁའི་ཀློང་མཛོད་དབྱིངས་ལས་བརྡོལ།།

ཁམས་དབང་སྣ་ཚོགས་གདུལ་བྱ་འཛིན་སླད་དུ།།
མ་ངེས་ཞི་རྒྱས་དབང་དྲག་སྒྱུ་འཕྲུལ་གར།།
རྣམ་རྟོག་མེད་བཞིན་སྲིད་ཁམས་ལ་བསྒྱུར་བ།།
ཐར་བའི་འདོད་འཇོ་ཡིད་བཞིན་ནོར་བུ་ཉིད།།

རྩ་རླུང་ཐིག་ལེའི་འཆིང་རྒྱ་ཡོངས་གྲོལ་ཞིང་།།
གཞིར་གནས་ལྷན་སྐྱེས་སེམས་ཉིད་སད་པ་ལས།།
ཤེས་རབ་ཀློང་ཡངས་ནང་ནས་བརྡོལ་བའི་བརྡར།།
འཆད་རྩོད་རྩོམ་ལ་ཟླ་བོས་བཟུང་མ་བཏུབ།།

གདམས་ཟབ་སེང་གེའི་ང་རོ་ལྡིར་བ་ན།།
དད་ལྡན་བློ་ཡི་མ་རིག་གཉིད་ཡལ་ནས།།
གཉིས་སྣང་འཁོར་བའི་སྒྱུ་མ་རང་ཞིག་ཏེ།།
གདན་ཐོག་གཅིག་ལ་གྲོལ་བའི་ཁྱད་ཆོས་རྨད།།

གངས་ཅན་ཤར་དང་ཕྱོགས་མཚམས་གཞན་ཀུན་དུ།།
ཞབས་ཀྱིས་བཅགས་ཤིང་སྒྲུབ་པ་མཛད་པ་ལས།།
རིག་འཛིན་ཕོ་མོའི་དགའ་ཚལ་བླ་རུང་སོགས།།
མཐོང་གྲོལ་གནས་སུ་བྱིན་གྱིས་ཅིར་ཡང་བརླབས།།

དུས་ཀྱི་རྒུད་སོགས་མི་མཐུན་རྐྱེན་ངན་ཀུན།།
སྨོན་ལམ་ཐུགས་བསྐྱེད་སྟོབས་ཀྱིས་ཕྱིར་བཟློག་ནས།།
མཚོ་འཁྲུངས་རྒྱལ་བའི་ཆོས་ཚུལ་ཉི་མའི་འོད།།
ཡངས་པའི་ས་འདིར་སྔར་ལས་གསལ་བར་བྱས།།

ཡང་དག་དོན་མ་རྟོགས་ཤིང་སྤྲོས་མཐར་ཞེན།།
རྣམ་རྟོག་ལ་བརྟོན་རྟོག་གེ་སྨྲ་བའི་དཔུང་།།
བྷོ་ཊའི་ལྗོངས་སུ་དྲེགས་བཅས་འགྱིངས་པ་ན།།
སྨྲ་བསམ་བརྗོད་བྲལ་ཆོས་ཀྱི་རྒྱལ་རྔ་བརྡུངས།།

གྲོལ་བྱེད་ཁྲིད་ཀྱིས་ལྟ་བའི་གདེངས་རྙེད་ཅིང་།།
སྨིན་བྱེད་དབང་གིས་ཡེ་ཤེས་རྩལ་རྫོགས་པའི།།
དད་དམ་ཟུང་གིས་ཕྱུག་པའི་སློབ་ཚོགས་ཞིག།
འཇའ་ལུས་འཕོ་ཆེན་ས་ལ་བདེ་བར་གཤེགས།།

ངེས་དོན་ལྟར་ན་རིམ་གཉིས་མཐར་ཕྱིན་ཀྱང་།།
རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཚུལ་གྱིས།།
བསྒོམས་པའི་སྟོབས་ཀྱིས་རླུང་སེམས་དབང་བསྒྱུར་ཏེ།།
གདོས་བཅས་རྣམ་པ་དང་བཅས་མངོན་སངས་རྒྱས།།

འགྲོ་འོང་སྤྲོས་པའི་མཚན་མ་རབ་ཞི་བ།།
རང་སྣང་རྣམ་དག་འོག་མིན་ཕོ་བྲང་དུ།།
མཐར་ཐུག་སྐུ་བཞིའི་གོ་འཕང་མངོན་མཛད་དེ།།
ཟག་བྲལ་ཡེ་ཤེས་འོད་ཟེར་ཀུན་ནས་འཕྲོ།།

ངོ་བོ་སྤྲོས་མཚན་ལས་འདས་ཆོས་ཀྱི་སྐུ།།
རང་བཞིན་གསལ་ལ་མ་འགག་ལོངས་སྤྱོད་རྫོགས།།
ཐུགས་རྗེ་ཀུན་ཁྱབ་འགྲོ་འདུལ་སྤྲུལ་བའི་སྐུ།།
སྐུ་གསུམ་དབྱེར་མེད་རྩ་བའི་བླ་མ་དྲན།།

དེ་ལྟར་རིག་འཛིན་རྒྱལ་པོར་བསྔགས་པ་ལས།།
ལེགས་བྱས་ཅི་མཆིས་མྱུར་དུ་སྨིན་གྱུར་ཏེ།།
མི་འདོད་ཉེར་འཚེའི་ཡོ་ལང་མི་འབྱུང་ཞིང་།།
རིང་མིན་ཟུང་འཇུག་གོ་འཕང་ཐོབ་པར་སྨོན།།

ཞེས་ཁྲག་འཐུང་བདུད་འཇོམས་གླིང་པའི་གདུང་རབས་བཞི་པ། ཚད་ལྡན་གྱི་སྐྱེས་ཆེན་དག་གིས་གཏེེར་སྟོན་གྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོའི་ཡང་སྲིད་འཁྲུལ་མེད་དུ་བསྔགས་ཤིང་མཁས་གྲུབ་གཉིས་ལྡན་གྱི་རྣལ་འབྱོར་པ་ལྕགས་ཁུང་སྤྲུལ་སྐུ་འཇིགས་མེད་དབང་དྲག་རིན་པོ་ཆེ་ཞབས་ཀྱིས་བསྟོད་པ་འདི་འདྲ་ཞིག་འབྲི་བར་བསྐུལ་ངོར། བདག་པད་མ་ཆོས་ཉིད་རྡོ་རྗེའམ་ཨ་གནམ་ཐུབ་བསྟན་དུ་འབོད་པས་དགའ་བའི་བློ་དང་བཅས་ཚོགས་རླབས་པོ་ཆེ་རྫོགས་ཕྱིར་དུ་སྦྱར་བའོ།།