ཐམས་ཅད་གཟིགས་པ་དྲང་སྲོང་ཆེན་པོ་དེས།།
དངོས་ཀུན་རྟག་པ་མེད་པར་བསྟན་པ་བཞིན།།
དུས་དང་བསྐལ་བ་སོགས་ཀྱང་མི་བརྟན་པར།།
མྱུར་དུ་འགྱུར་བ་སྲིད་པའི་ཆོས་ཉིད་ལགས།།
སྔོན་དུ་རྫོགས་ལྡན་དུས་བཟང་ཤར་བ་དང་།།
ད་ལྟ་རྩོད་ལྡན་དུས་སུ་སླེབས་པ་སོགས།།
དུས་ཀྱི་ཁུག་པ་བཅོ་བརྒྱད་འབྱུང་ངོ་ཞེས།།
མི་བསླུ་རྒྱལ་བ་མཆོག་གི་བཀའ་རུ་གསལ།།
གནའ་བོའི་དུས་དང་ད་ལྟའི་གནས་སྟངས་ཟུང་།།
རེ་རེ་ལའང་སྐྱོན་ཡོན་གཉིས་ཡོད་ན།།
མཐའ་གཅིག་བཟང་ངན་གང་དུ་ཐག་བཅད་པ།།
དཔྱད་པའི་རྨང་གཞི་དབེན་པའི་གཏམ་དུ་ཟད།།
སྐྱེ་བོ་འགའ་ཡིས་ལུང་རིགས་བརྒྱ་ཕྲག་གིས།།
དེང་གི་དུས་འདི་བཀྲ་མི་ཤིས་ཚུལ་དང་།།
ཁ་ཅིག་ལོ་རྒྱུས་རྒྱུ་མཚན་མང་བསྡུར་ནས།།
འདི་འདྲའི་བཟང་བ་སྔོན་ཆད་མ་བྱུང་ཟེར།།
རི་བོང་ཅལ་འདྲོགས་རྗེས་སུ་མི་འབྲང་བར།།
གཟུར་གནས་བློ་ལྡན་རྣམས་ཀྱི་འདོད་སྟངས་དང་།།
རང་གི་དཔྱད་པ་གཉིས་པོ་གཞིར་བཟུང་ནས།།
ད་ལྟའི་དུས་ཀྱི་མཚན་ཉིད་འདི་རུ་བསྒྲག།
སྐྱ་སེེར་ཕོ་མོ་རྒན་གཞོན་མ་ལུས་པ།།
ལག་འཁྱེར་ཁ་པར་ནང་དུ་མགོ་འཁོར་ཏེ།།
དོན་མེད་ལྟད་མོ་སྣ་ཚོགས་ལ་གཡེངས་ནས།།
རིན་ཆེན་དུས་ཚོད་མང་བོ་འཕྲོག་བརླག་བྱེད།།
གཞན་ལས་འཕགས་པའི་ཡོན་ཏན་མེད་བཞིན་དུ།།
སྟེས་དབང་ཙམ་མམ་ཐབས་ཇུས་སྣ་ཚོགས་སྒོས།།
ཡས་མས་སྐྱེ་བོ་རྣམས་ཀྱི་བློ་འགུག་ཅིང་།།
འཕྲལ་དུ་རྗེས་འཇུག་མང་བོ་སྡུད་པ་སླ།།
མཚན་ཉིད་པ་དང་སྟོན་པ་སོགས་མིན་ཀྱང་།།
ལས་ཀ་ཤོར་ཞིང་ཁེར་རྐྱང་ལུས་པའི་མིས།།
རྒྱུ་མཚན་བྲལ་བའི་ལྟ་བ་ལོག་པ་རྣམས།།
སྐད་ཅིག་ཙམ་གྱིས་ས་ཁྱབ་རྡོ་ཁྱབ་བྱེད།།
ཉིན་མོར་འཁོར་ལོ་བཞིན་དུ་ལག་ཏུ་འཛིན།།
མཚན་མོ་སྐུ་རྟེན་ལྟར་དུ་སྔས་མགོར་ཉར།།
ཀུན་གྱི་སྙིང་ནོར་ཁ་པར་ལེབ་མོ་འདི།།
བདུད་ཀྱི་མཚོན་ཆ་ཡིན་མིན་དཔྱད་འོས་སྣང་།།
མི་ཡིས་བཟོས་པའི་གློག་ཀླད་འཕྲུལ་ཆས་རིགས།།
མི་ལ་ཕན་པ་རབ་ཏུ་ཆེ་ན་ཡང་།།
མི་ལས་རྣམ་རིག་མྱུར་བར་འགྲོ་བཞིན་པར།།
མི་རྣམས་སེམས་ཁྲལ་བྱེད་ཅིང་བག་མི་ཕེབས།།
སྒེར་གྱིས་ཅི་བཤད་གར་སོང་མ་ལུས་པ།།
གཞན་གྱིས་རྒྱལ་ཁམས་ཡོངས་ལ་སྒྲོག་ནུས་ན།།
བྱ་སྤྱོད་གསང་སྐུང་དཀའ་བའི་དུས་སྐབས་འདིར།།
མི་ཡི་མཚང་སྐྱོན་གཅིག་རྗེས་གཉིས་མཐུད་འདོན།།
ལོ་རྒྱུས་སྟེང་དུ་ཟ་མ་ཉུང་དྲགས་ནས།།
སྐྱེ་བོ་མང་བོ་མུ་གེས་ཤི་བ་དང་།།
ད་ལྟ་མང་བོས་ཁ་ཟས་སྤྱད་དྲགས་པས།།
དུས་མ་ཡིན་འཆི་བ་ཤིན་ཏུ་མང་།།
སྨན་རྫས་སྣ་ཚོགས་བཤགས་ཐབས་ལག་རྩལ་ཀྱིས།།
ཕོ་མོ་མང་བོས་ལྷན་སྐྱེས་རང་ལུས་ལ།།
གཉེར་མ་གསུབ་དང་མཆུ་ཏོ་འགེང་བ་སོགས།།
བཟོ་བས་འཇིམ་སྐུ་བཟོ་བཞིན་བཅས་བཅོས་བྱེད།།
ས་བརྐོ་རྡོ་སློག་ཤིང་ནགས་བཅད་པ་དང་།།
རྫས་རིགས་སྣ་ཚོགས་གཏེར་འདོན་བྱས་ཐལ་བས།།
དཔེར་ན་མི་ཡི་ལུས་ཟུངས་ཟད་པ་བཞིན། །
རང་བྱུང་ཁམས་ཀྱང་བཅུད་དང་བྲལ་ལ་ཉེ།།
རྐྱེན་གྱིས་སྒྱུར་མི་བཏུབ་པའི་བརྩེ་བ་ཡིས།།
ལོ་ནས་ལོ་རུ་དཀའ་བ་འབུམ་ཕྲག་སྒོས།།
རང་ཉིད་གཅེས་པར་བསྐྱངས་པའི་ཕ་མ་ལ།།
དྲིན་ལན་འཇལ་བ་གནའ་བོའི་སྲོལ་དུ་གྱུར།།
གཞོན་སྐྱེས་ཁོ་ནའི་ལང་ཚོ་ལ་དད་ཅིང་།།
ཉམས་མྱོང་ཅན་གྱི་མགོ་དཀར་རྒན་པ་ལ།།
བརྩི་མཐོང་མེད་པར་གད་སྙིགས་བཞིན་དོར་བ།།
འཛམ་བུའི་གླིང་གི་ལུགས་སྲོལ་ཆགས་བཞིན་ཡོད།།
ཤར་དང་ནུབ་ཀྱི་རྒྱལ་ཁབ་ཐམས་ཅད་དུ།།
ཕྱི་ཡི་དཔལ་འབྱོར་དབྱར་གྱི་མཚོ་ལྟར་དུ།།
ཇི་ལྟར་འཕེལ་བཞིན་སེམས་ཀྱི་བདེ་སྐྱིད་དེ།།
མར་ངོའི་ཟླ་བ་ལྟར་དུ་འགྲིབ་པ་སྐྱོ།།
གནའ་བོའི་དུས་སུ་མིང་ཙམ་འབྱུང་དཀའ་བའི།།
རང་ལ་སྡང་སོགས་ཉོན་མོངས་སྣ་ཚོགས་པ།།
ནད་ཡམས་བཞིན་དུ་ས་སྟེང་ཁྱབ་པའི་ཚེ།།
ནང་གི་སྡུག་བསྔལ་བཟོད་གླགས་བྲལ་བ་མང་།།
ཇི་ལྟར་ཚོང་འདུས་མགྲོན་པོ་འཕྲད་པ་བཞིན།།
རེ་ཞིག་དགའ་ཞིང་འགྲིག་པོ་བྱེད་མཁས་པའི།།
དེང་གི་བཟའ་ཟླ་མཐུན་པའི་གྲོགས་པོ་རྣམས།།
ཡུན་རིང་མི་བརྟན་མཛའ་སེམས་འགྱུར་རེ་སླ།
སྔོན་བྱོན་བོད་ཀྱི་བླ་མ་མང་བོ་ཞིག།
ཉམས་དང་རྟོགས་པ་ལྡན་པས་གྲགས་པ་རྨད།།
དེང་དུས་མི་ཡི་སྙན་པ་བྲག་ཆ་བཞིན།།
འུད་སྒྲ་ཆེ་ཡང་སྙིང་བོ་བྲལ་བ་སྐྱོ།།
དེ་རིང་ལྷ་ལྟར་གོང་དུ་བཀུར་བའི་མི།།
ཟེར་ཉེས་གཅིག་དང་བྱེད་ཉེས་ཅུང་ཟད་ཀྱིས།།
སང་ཉིན་ངན་པ་འདྲེ་གྲལ་ལ་གཡུགས་ནས།།
ཕོ་མོ་ཀུན་གྱིས་སྙིང་ནས་སྡང་བ་ཡོད།།
ནགས་ཚལ་ཤིང་ལ་འཛེར་མེད་དཀོན་པ་ལྟར།།
སྐྱོན་མེད་མི་དེ་ཤིན་ཏུ་རྙེད་དཀའ་བས།།
སྲིད་དཔོན་ལྷ་དཔོན་སྙན་གྲགས་ཅན་རྣམས་ནང་།།
དགག་པ་མི་བྱེད་ས་ཤིག་མེད་ལ་ལྟོས།།
ཕ་དང་མེས་པོ་དག་གིས་སྲུང་བ་ཡི།།
ལོ་ངོ་སྟོང་ཕྲག་དར་བའི་ལུགས་སྲོལ་རེ།།
མཚན་མོ་གཅིག་ལ་འཐོར་ཞིག་འབྱུང་སྲིད་ན།།
སང་ཉིན་ཅི་འོང་སུས་ཀྱང་དཔག་མི་ནུས།།
ཁ་ཅིག་རྙིང་བ་ཁོ་ན་བཟང་བར་འདོད།།
འགའ་ཡིས་གསར་བ་ཡོད་ཚད་ཡག་པོར་མཐོང་།།
གུ་ཡངས་གུ་དོགས་བསམ་བློ་གཏོང་ཕྱོགས་ལ།།
མ་འཆམ་རྩོད་གླེང་རྙོག་དྲྭས་ས་སྟེང་གང་།།
མི་ཚེ་གཅིག་ལ་གྲུབ་མཐའ་སྣ་ཚོགས་བརྗེ།།
བཟའ་གཉེན་འཐོར་འགྲིག་གང་འདོད་ངང་དུ་བྱེད།།
ཡུལ་ཁམས་གཅིག་ལ་མི་སྡོད་མང་བོར་སྤོ།།
འདི་ནི་དེང་གི་གཞོན་ནུ་རྣམས་ཀྱི་སྲོལ།།
བྱིས་པ་མང་བོ་སྙན་གྲགས་ཐོབ་ལ་རེ།།
གཞོན་ནུ་ཕལ་ཆེ་ཕྱུག་པོར་ཨེ་འགྱུར་སྙམ།།
རྒས་པ་རྣམས་ཀྱིས་ལོ་ན་ཉུང་མདོག་བྱེད།།
གཅིག་ལས་གཅིག་གི་འདོད་རྔམ་ཆེ་བ་ཡོད།།
ཤར་ནུབ་ཡུལ་གྲུ་ཀུན་ལ་ཁྱད་མེད་པར།།
བསམ་བློའི་འདུ་ཤེས་འཚོ་བ་སྐྱེལ་སྟངས་ཐད།།
དུས་ཡུན་སྔ་ཕྱི་ཙམ་ཞིག་མ་གཏོགས་པ།།
ཐམས་ཅད་ཨ་རི་བ་ཡི་རྗེས་སུ་འབྲང་།།
འདོད་པའི་ཡོན་ཏན་ལྷ་ཡི་ཡུལ་ཁམས་དང་།།
ནོར་རྫས་ལོངས་སྤྱོད་ཀླུ་དང་མཉམ་པ་ལ།།
མང་དུ་སྤྱོད་བཞིན་ཡིད་མི་ཚིམ་པ་འདི།།
དེང་སང་འགྲོ་བ་མི་ཡི་སེམས་ཀྱི་ནད།།
སྐྱེ་བོ་མང་ཤོས་ནོར་རམ་སྙན་གྲགས་ལ།།
ཉིན་མོར་རྩོལ་ཞིང་མཚན་མོར་རེ་བས་ན། །
གཤིན་རྗེའི་རྒྱལ་སྒོར་སླེབས་པའི་མི་རྣམས་ཀྱང་།།
འཇིག་རྟེན་འབའ་ཞིག་སྒྲུབ་བཞིན་བྲེལ་འདི་སྐྱོ།།
བསོད་ནམས་རབ་མངའ་རོམ་གྱི་རྒྱལ་བོ་ལས།།
དེང་གི་ཞིང་པ་རྒན་པོ་ཕལ་བ་ལ།།
མིག་དང་ཁ་རུ་འདོད་ཡོན་ཆེས་མང་བས།།
མཚམས་རེར་ལྷ་ཡུལ་ས་ལ་འཕོས་སམ་སྙམ།།
ཆོས་ལུགས་མི་གཅིག་སྐྲ་མདོག་མི་འདྲ་བ།།
སྐད་རིགས་མི་མཚུངས་མི་ཡི་རིགས་རྣམས་ཀྱིས།།
སྔར་མེད་ཕན་ཚུན་འབྲེལ་འདྲིས་བྱུང་བ་འདི།།
དུས་རབས་ཉེར་གཅིག་པ་ཡི་དགེ་མཚན་ཡིན།།
ནུབ་ཀྱི་རྒྱལ་ཁམས་ཆེན་པོ་ལས་ཐོན་པའི།།
ངོ་མཚར་ཚན་རིག་འཕྲུལ་ཆས་གསར་བ་ཡིས།།
མི་འདོད་རྐྱེན་ངན་ནད་རིགས་བཀྲེས་ལྟོགས་སོགས།།
ལུས་ཀྱི་སྡུག་བསྔལ་ལོ་རེར་ཇེ་ཉུང་བསྒྱུར།།
རྟ་དང་གཡག་ལ་ཞོན་ནས་ཉིན་མང་བོར།།
འགྲོ་སའི་ཐག་རིང་ཡུལ་ལ་སྐད་ཅིག་གིས།།
མིག་འཕྲུལ་ལྟར་དུ་སྐྱེལ་བྱེད་འཕྲུལ་གྱི་གྲུས།།
གོ་ལའི་ས་རྒྱ་ཇེ་ཆུང་བཏང་བ་འདྲ།།
གཞུང་ཁྲིམས་ཕལ་ཆེར་ཕོ་མོ་འདྲ་མཉམ་པས།།
མོ་ཡི་རིགས་ལ་མཁས་པ་ཚོང་བ་དང་།།
དབུ་འཛིན་ཆབ་སྲིད་པ་སོགས་མང་འབྱུང་ཞིང་།།
བུད་མེད་རྣམས་ལ་ཐོབ་ཐང་ལྡན་པ་རྨད།།
རྐང་གཉིས་འགྲོ་བ་ཁོ་ན་མ་ཡིན་པར།།
རྐང་བཞི་རྣམས་ལ་བརྙས་བཅོས་མི་ཆོག་པའི།།
ཆོས་དང་མི་ལུགས་གཉིས་ཀར་འོས་པའི་ཁྲིེམས།།
ཡུལ་ཁམས་མང་བོར་དར་བ་ཡིད་རང་གནས།།
སྔོན་ཆད་ཕྱོགས་ཀྱི་མི་རྣམས་འདུས་པའི་ཚེ།།
ཕན་ཚུན་གོ་བརྡ་མི་འཕྲོད་དཀའ་ཆེ་ཡང་།།
ད་ལྟ་འཛམ་གླིང་སྤྱི་ལ་དར་བའི་སྐད།།
དབྱིན་སྐད་འདི་ཉིད་མཛའ་མཐུན་ཟམ་པ་འདྲ།།
མཐོ་དམན་རིགས་རུས་དབྱེ་བས་མ་བཅིངས་པར།།
མི་རྣམས་ཡི་གེ་འབྲི་ཀློག་ཤེས་པ་དང་།།
མཐོང་དང་ཐོས་རྒྱ་ཇེ་ཆེར་སོང་བ་ཡིས།།
ནམ་ཞིག་ཤེས་བྱའི་དབུལ་བ་མིང་ཙམ་འགྱུར།།
ཧིན་རྡུའི་ལུགས་ཀྱི་ལུས་སྦྱོང་ཡོ་ག་དང་།།
ནང་བའི་གཞུང་གི་དྲན་པ་ཉེར་བཞག་གཉིས།།
ཆོས་དད་ཡོད་མེད་ཤར་ནུབ་མི་ཡི་ཁྲོད།།
ཉམས་ལེན་བྱེད་མཁན་ཤྭ་འོད་བཞིན་དུ་བརྡོལ།།
དཔྱོད་ལྡན་མཁས་པ་དུ་མས་འདོད་ཚུལ་ལ།།
ད་ནས་ལོ་ངོ་བཅུ་ཡི་ནང་ཚུན་ལ།།
རང་རེའི་བློ་ཡི་ཡུལ་ལ་མི་ཤོང་བའི།།
མི་ཡུལ་འདི་ལ་འགྱུར་བ་ཆེར་འབྱུང་ངོ་།།
དུས་ལ་འགྱུར་བ་ཡོད་པ་མ་ཡིན་པར།།
གཙོ་བོ་མི་རྣམས་འགྱུར་བ་ལ་ཐུག་ན།།
དུས་སྐབས་བཟང་དང་ངན་པ་གང་འགྱུར་བ། །
རང་རེ་རྣམས་ལ་རག་ལས་མཁྱེན་པར་མཛོད།།
བཀའ་གཏེར་རྣམས་སུ་ལུང་བསྟན་གསུངས་པ་དག།
བརྟག་པ་མཐར་བཟུང་དབང་དུ་བཞེད་ཡོད་པས།།
ནད་དང་མཚོན་ཆའི་དུས་ཀྱི་ཡོ་ལངས་རྣམས།།
རིམ་གྲོ་དགེ་སྦྱོར་བྱས་ན་ཟློག་ཐབས་ཡོད།།
དེས་ན་འཛམ་གླིང་བདེ་འཇགས་ཡོང་འདོད་ན།།
ལྷག་བསམ་སྒོ་ནས་གཞན་ལ་མི་འཚེ་ཞིང་།།
ལུས་ངག་ཡིད་ཀྱིས་དགེ་བ་ལ་གཞོལ་དང་།།
ཕན་པའི་འབྲས་བུ་འགྲོ་བའི་གསོས་སུ་སྨིན།།
མཁྱེན་ལྡན་རྣམས་ཀྱིས་དབུ་རྫོགས་ཕྱག་གསུམ་སྒོམས།།
ཆོས་པ་བྱིངས་ཀྱིས་བྱམས་དང་སྙིང་རྗེར་བརྩོན།།
ཐོས་བསམ་མེད་ན་ཡི་གེ་དྲུག་མ་སྒྲོངས། །
དགེ་རྩ་ཀུན་ལ་བསྔོས་དང་རིམ་གྲོར་འགྱུར།།
གུ་རུ་པད་འབྱུང་བོད་ལ་བཀའ་དྲིན་ཆེ།།
རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཕྲིན་ལས་མྱུར།།
ཐུགས་རྗེ་ཆེན་པོས་བྱམས་བརྩེས་ཡོངས་ལ་གཟིགས།།
གངས་ཅན་ལྷ་གསུམ་བརྟེན་དང་ང་ཚོར་ཕན།།
གཅིག་གིས་བཅུ་ཡིས་བློ་ཁ་སྒྱུར་ནུས་ཤིང་།།
བཅུ་ཡིས་སྟོང་གི་སེམས་ཁམས་བཅོས་ནུས་པས།།
ཆོས་ཉིད་རྟོགས་པའི་རྣལ་འབྱོར་རེ་འབྱུང་ཚེ།།
འགྲོ་སེམས་དཀར་བོར་ཕྱོགས་ལ་ཕན་པ་ཆེ།།
ཁ་ཅིག་བསྟན་པ་རྣམ་དག་ནུབ་སོང་ཟེར།།
འོན་ཀྱང་ཤཱི་ལ་མ་ཏིས་དབུར་མཛད་པའི།།
བོད་བཞུགས་འཕགས་པའི་སྐྱེས་བུ་རྣམས་མཐོང་ཚེ།།
རྒྱལ་བསྟན་ཆ་ཚང་ད་དུང་གནས་པ་ཤེས།།
ཕྱི་ཡི་ལོངས་སྤྱོད་ཕུན་སུམ་ཚོགས་བཞིན་དུ།།
ནང་གི་རྣམ་རྟོག་ཇེ་རྩུབ་འགྲོ་དུས་འདིར།།
ཨ་ཏི་ཡོ་ག་ལྟ་བུར་མ་བརྟེན་པར།།
འདུས་བྱས་དགེ་བ་ཙམ་གྱིས་རྒྱུད་འདུལ་དཀའ།།
བརྟན་གཡོའི་རང་བཞིན་ཅིས་ཀྱང་མི་བརྟན་ཞིང་།།
འབྱུང་བཞིའི་འཇིག་པ་ཆེ་བའི་དུས་འདི་རུ།།
མཆོག་གསུམ་སྣང་བ་དཀར་པོའི་འོད་ཟེར་གྱིས།།
འགྲོ་བའི་ཡིད་ཀྱི་མུན་པ་སེལ་བར་སྨོན།།
ཞེས་འཛམ་གླིང་རིག་པ་འབྱུང་བའི་གྲོང་ཁྱེར་ཆེན་པོ་སན་ཧྥི་རན་སི་སི་ཁོའི་ཉེ་འདབས་སུ། སྙོམས་ལས་པ་ཨ་གནམ་ཐུབ་བསྟན་གྱིས་ཕྱི་ལོ༢༠༢༡པའི་དབྱར་དུས་ཀྱི་ཉིན་ཞིག་ལ་ཐོལ་བྱུང་དུ་སྨྲས་པའོ།།