དཀར་ཆག
བསྟོད་ཚོགས

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་དཔལ་བཟང་བོར་ཕུལ་བ་བསྟོད་ཚིག་པད་དཀར་ཕྲེང་བ།

འཇིག་རྟེན་ཟིལ་གནོན་མཚོ་སྐྱེས་རྒྱལ་བའི་བཀའ་ལུང་གནམ་གྱི་ཤེད་མོང་གིས།།
ཁམས་གསུམ་དབང་བསྒྱུར་ཆོས་ཀྱི་རྒྱལ་བོ་འགྲོ་བའི་དེད་དཔོན་དུ་བཀུར་པ།།
ཚད་མེད་མཁྱེན་བརྩེའི་གཏེར་ལ་དབང་འབྱོར་གངས་ལྗོངས་རིག་པ་འཛིན་པའི་གཙོ།།
ཨ་བྷྱ་ལཀྵཾ་ཀ་རའི་མཚན་མཆོག་འཆང་བ་གང་ལ་ལན་མང་བསྔགས།།

འཕོ་འགྱུར་ཡོངས་དག་ཆོས་སྐུའི་ཀློང་ན་མྱང་འདས་བདེ་བའི་རོས་ཚིམས་ནས།།
ཀུན་བཟང་རྒྱལ་བའི་གསེར་གྱི་ཁྲི་རུ་གདོད་མའི་མགོན་པོའི་ངོར་བཞུགས་ཀྱང་།།
རྒྱུད་ལྔས་བསྡུས་པའི་འགྲོ་བ་མཐའ་དག་གཏན་བདེའི་གྲོང་དུ་མ་སླེབས་པར།།
གང་འདུལ་སྤྲུལ་བའི་ཟློས་གར་རྒྱུན་མི་ཆད་པར་འགྱེད་ལ་ངལ་བ་དབེན།།

སྔོན་གྱི་འཇིག་རྟེན་སྒྲོན་མ་མང་དག་ནུབ་ཀྱི་རི་བོར་བཞུད་པའི་ཚེ།།
འདྲེན་བྱེད་བྲལ་བའི་འཁྱམ་པོ་བཞིན་དུ་ཕྱོགས་ཀུན་རྒྱུ་བའི་འགྲོ་བ་དག།
ཟག་བྲལ་ལོངས་སྤྱོད་འབུམ་གྱིས་སྤུད་པའི་མྱང་འདས་གྲོང་བཟང་ལ་འདྲེན་སླད།།
ཡང་དག་ཆོས་ཀྱི་ལམ་ཡངས་མཛེས་པར་བསྡུ་བ་བཞི་ཡིས་མགྲོན་དུ་བསུས།།

སྔར་སངས་རྒྱས་ཀྱང་སླར་ཡང་ལྷ་ཡི་སྲས་པོ་རྣམ་འདྲེན་བཞི་བ་ཉིད།།
ཛམྦུ་དཱི་བར་གཟིགས་སྟངས་ལྔ་བཅས་གཟུགས་སྐུའི་བཀོད་པ་བཤམས་པ་ལྟར།།
རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་སྐུ་གསུམ་དགའ་ཚལ་དཔལ་གྱི་རི་བོ་ནས།།
རྩོད་ལྡན་དུས་ཀྱི་རྐང་གཉིས་འགྲོ་བ་འདུལ་བའི་དམ་བཅའ་བརྟན་པོ་བཞེས།།

ལང་ཚོ་རྒྱས་ཤིང་སྟོབས་ཀྱིས་དྲེགས་པའི་མཐོ་རིས་གཞོན་ནུའི་ཁྱུ་ཞིག་གིས།།
ནོར་འཛིན་དབུས་སུ་སྤྲོ་བདེའི་བྲོ་ར་ཡིད་དུ་འོང་བའི་སྐྱེད་མོས་ཚལ།།
རིག་སྔགས་མཐུ་ལས་འབད་མེད་བཀོད་པ་མདོ་སྨད་ཞེས་གྲགས་མཛེས་ལྗོངས་དེར།།
གང་གི་མཐོང་གྲོལ་གཟུགས་སྐུའི་འཇའ་ཚོན་སྐྱེ་རྒུའི་འདྲེན་བྱེད་དཔལ་དུ་བཞད།།

ཇི་ལྟར་མདོ་རྒྱུད་གཞུང་ལས་དམ་པའི་རིགས་ཀྱི་མཚན་མ་བཀྲལ་བཞིན་དུ།།
ཆུང་ངུའི་དུས་ནས་དགེ་བའི་རང་བཞིན་ཀུན་གྱི་བླ་ནར་འཕགས་པའི་ཚེ།།
རྣམ་མང་རྒྱུ་སྐར་བྱེ་བ་འཛུམ་པའི་མཚན་མོའི་མཁའ་དབྱིངས་དྭངས་བ་རུ།།
དཀར་གསལ་ཟླ་བའི་འོད་ཀྱི་དྲྭ་བས་གཞན་ཀུན་མོག་པོར་བསྐྲུན་དང་མཚུངས།།

སྐྱེ་བའི་ཕྲེང་བ་པུན་ད་རི་ཀར་རྣལ་འབྱོར་དཔའ་བོ་དཔའ་མོ་དང་།།
བདེ་སྟོང་རོ་ཡིས་མྱོས་གྱུར་རིག་པ་འཛིན་པའི་གར་ལ་རོལ་བ་ཡིས།།
ས་ཆེན་ལྷུན་པོའི་བང་རིམ་སྟུག་པོར་མཐོ་ནས་མཐོ་རུ་འཛེགས་བྱས་པས།།
ངེས་འབྱུང་བློ་ཡི་དྲི་བཞོན་གསར་བས་ཐུགས་ཡིད་སྤྲིན་གྱི་ཡོ་ལང་བསྐྱོད།།

སྐྱེ་བོ་མང་དག་འཇིག་རྟེན་བརྟུལ་ཞུགས་བདུད་ཀྱི་སྒེག་མོའི་སྒྱུ་རྩལ་གྱིས།།
རང་དབང་བྲལ་བར་ཡིད་སེམས་འཕྲོག་པས་ཡུན་རིང་མྱོས་པར་གྱུར་པའི་ཚེ།།
རྣམ་གཡེང་གྲོང་དུ་དགེ་བའི་སེམས་ཀྱི་ནོར་བུ་ཕངས་མེད་དོར་ན་ཡང་།།
ཐར་བར་ཕྱོགས་པའི་གདུང་བ་དྲག་པོས་ཁྱོད་ཐུགས་ཉིན་མཚན་ཀུན་དུ་བཏབས།།

བཅུད་ལྡན་ས་ལ་སྣ་ཚོགས་ལོ་ཏོག་བཞད་པས་འཇིག་རྟེན་དགའ་བ་ལྟར།།
ནོར་གྱིི་ཡང་སྙིང་ཚུལ་ཁྲིམས་རིན་ཆེན་ཡོན་ཏན་འབྱུང་བའི་གཞིར་གཟིགས་ནས།།
མ་སྨད་ངུར་སྨྲིར་འོད་ཀྱིས་གཞོན་ནུའི་སྐུ་ནི་ལྷམ་མེར་དཀྲིས་པའི་ཚེ།།
མྱ་ངན་གྱིས་གཟིར་བདུད་ཀྱི་སྡེ་དག་ཤིན་ཏུ་མི་སྙན་ཆོ་ངེ་བསྒྲགས།།

མདོ་སྔགས་གཞུང་བཟང་གསེར་གྱིས་ཉེར་གཏམས་རབ་ཡངས་ཐུགས་ཀྱི་བང་བ་ཅན།།
གངས་ལྗོངས་མཁས་གྲུབ་རྒྱ་མཚོའི་དབུས་སུ་ཟླ་དང་བྲལ་བཞིན་མངོན་མཐོ་བ།།
འཆད་རྩོད་རྩོམ་ལ་སྤོབས་པའི་གཏེར་གྲོལ་མུ་ནི་ཤཱ་ས་ན་ཡི་དྲུང་།།
རྟག་གུས་བརྩོན་པའི་གོ་ཆ་དང་བཅས་གཙུག་ལག་ཆུ་གཏེར་མཇིངས་སུ་ཞུགས།།

མཁྱེན་བརྩེའི་རང་གཟུགས་རིགས་གསུམ་སྒྱུ་འཕྲུལ་མི་ཡི་གར་དུ་རོལ་བ་པོས།།
ཐོས་བསམ་སྒོམ་པའི་འཁོར་ལོས་ཟབ་ཅིང་རྒྱ་ཆེའི་ཆོས་ལ་གཞོལ་བའི་ཚུལ།།
མཁས་བཙུན་བཟང་བའི་གྲགས་པ་རབ་སྙན་རྣ་བའི་བདུད་རྩི་དགེ་བའི་གཏམ།།
སྲིད་འདིའི་སྐྱེ་རྒུ་དགའ་བའི་སྟོན་མོར་དྲི་ཟའི་བུ་མོས་དབྱངས་སུ་གྱེར།།

ཚུལ་གསུམ་གཏན་ཚིགས་མཚོན་རྣོན་ལྟར་སྣང་རིགས་པའི་སྲོག་རྩ་ལ་བསྣུན་ཞིང་།།
བསྟན་དང་སྟོན་པ་བསླུ་བ་མེད་པར་བསྒྲུབས་པས་རྣམ་དག་དད་པ་བསྐྱེད།།
ལོག་པའི་ལྟ་བར་དཀྲི་བྱེད་རྟོག་གེ་ངན་པ་མཐའ་དག་འཇོམས་པའི་གཉེན།།
ཕྱོགས་ཀྱི་གླང་སོགས་སྔར་བྱོན་མཁས་པའི་བསྟན་བཅོས་དག་ལ་ཅི་དགར་རོལ།།

མ་རིག་དབང་གིས་ཉོན་མོངས་དཔུང་དང་སྣ་ཚོགས་ལས་ཀྱིས་ཀུན་བསྐྱེད་ཅིང་།།
དེ་དག་ཟད་ཕྱིར་ལམ་གྱི་རྣམ་གཞག་ཉམས་སུ་ལེན་པའི་སྐྱེ་བོ་སོགས།།
སོ་སོར་བཀོད་པས་མ་ལུས་ཆོས་ཀུན་རྣམ་པར་དཔྱོད་པའི་ཤེས་རབ་སྒོ།།
མངོན་པའི་གཞུང་བཟང་གསལ་བར་གཟིགས་ཚེ་དབྱིག་གཉེན་ཞབས་ཀྱང་རེ་ཞིག་སྐྱེངས།།

འཁྲུལ་བྲལ་བཀའ་ཡི་ཕྱག་རྒྱ་གཉན་པོས་འོད་བྱེད་ས་ལ་དབང་བསྐུར་བ།།
འཕགས་ཡུལ་ཤིང་རྟའི་སྲོལ་འབྱེད་ཐོགས་མེད་ཞབས་ཀྱིས་ས་འདིར་དྲངས་པའི་ལུང་།།
སྦས་དོན་མངོན་རྟོགས་རིམ་པའི་རླབས་ཕྲེང་འབུམ་གཡོ་མ་ཕམ་གཞུང་ལུགས་ཆེ།།
ནང་བྱན་ཆུད་པས་ཞབས་སེན་རེ་ཁཱ་དྲན་དབང་ཡོངས་ཀྱི་གཙུག་ན་བྲིས།།

ཡོད་མེད་རྟག་ཆད་འོབས་སུ་མ་ཚུད་དོན་དམ་སྟོང་བ་ཉིད་ཀྱི་ལུགས།།
སྨྲ་བསམ་བརྗོད་བྲལ་ལྟ་བའི་ང་རོས་དངོས་སྨྲའི་སྙིང་ལ་འཇིག་སྟེར་བ།།
དཔལ་མགོན་ཀླུ་དང་ཟླ་བའི་ཐུགས་གསང་དཔག་པར་དཀའ་བ་ལས་ཐོན་པའི།།
དངོས་བསྟན་ཟབ་མོ་དབུ་མའི་གཞུང་ལུགས་བདུད་རྩིའི་མཚོ་ལ་ངོམས་མེད་རོལ།།

རླབས་ཆེན་བཅུ་གཉིས་མཛད་པ་མཆོག་གི་ཀུན་དགའི་ཟློས་གར་སྟོན་པ་པོ།།
ལྷར་བཅས་འགྲོ་བའི་དེད་དཔོན་བཅོམ་ལྡན་གངས་ཀྱི་རི་བོ་ལས་འོངས་པ།།
ངན་གཡོའི་སྒྲོ་བསྐུར་རྙོག་གིས་མ་བསླད་དམ་ཆོས་འདུལ་བའི་ཉལ་འགྲོ་རུ།།
བཀའ་དང་བསྟན་བཅོས་གྲུ་ཡི་ཁ་ལོ་བསྒྱུར་ལ་རྒྱལ་བ་ཀུན་གྱིས་བསྔགས།།

བསྐྱེད་དང་རྫོགས་པའི་རིམ་པ་ཟུང་གི་གཤོག་རླབས་རབ་འཆང་གསང་ཆེན་ག་རུ་ཌས།།
ཁ་སྦྱོར་བདུན་ལྡན་མཆོག་གི་གོ་འཕང་ལྷ་ལམ་ཡངས་པོར་ཁྲིད་པའི་འཕྲུལ།།
བླ་མེད་རྡོ་རྗེ་ཐེག་པའི་ཆོས་ཚུལ་རྣམ་ཐོས་བུ་ཡི་གན་མཛོད་ལས།།
དབང་ལུང་ཁྲིད་གྱིི་གཏེར་ལ་ཅི་དགར་སྤྱོད་པས་ཡོངས་ཀྱི་གཙོ་བོར་བཞེངས།།

རྩོལ་བཅས་ལམ་གྱིས་མ་ཟིན་རང་གནས་འོད་གསལ་གཉུག་མའི་ཡེ་ཤེས་ཉིད།།
གདོད་ནས་ལྷན་ཅིག་བཞུགས་པའི་སེམས་ཀྱི་གསང་བ་རིག་སྟོང་འོད་མི་འགྱུར།།
ད་ལྟ་ཉིད་དུ་མཐོང་བའི་མོད་ལ་ས་ལམ་མྱུར་དུ་བགྲོད་པའི་ཆོས།།
སྡེ་གསུམ་ཀློང་དགུའི་བསྟན་པའི་མངའ་བདག་ཀློང་ཆེན་གཉིས་པ་ཁྱེད་ལས་སུ།།

སྔོན་གྱི་དྲན་དབང་དག་གི་ལུགས་སྲོལ་ཤེས་བྱའི་དགའ་མར་རབ་བརྩེ་ཞིང་།།
ཐམས་ཅད་མཁྱེན་པར་བགྲོད་ལ་འཕགས་པ་རྣམས་ཀྱིས་བསླབ་པར་བསྐུལ་བ་ཡིས།།
སྒྲ་རྩིས་སྨན་སོགས་རིག་པའི་གནས་ལ་ནང་བྱན་ཆུད་ཚེ་སྙན་པའི་སྤྲིན།།
ཕྱོགས་ཀྱི་འཁོར་ལོར་བརྗིད་པར་རྒྱུ་བས་མཁས་རྒུའི་གཙུག་ན་འགྱིངས།།

སྤྱི་མཐུན་ལས་ཀྱི་སྤྲིན་ནག་འདུས་ཤིང་མི་མཐུན་རྐྱེན་གྱི་གློག་དམར་འཁྲུགས།།
རྩོད་དང་མུ་གེའི་སེར་བས་བྷོ་ཊའི་པད་ཚལ་གསར་བའི་ལང་ཚོ་བཅོམ།།
རྒྱལ་བསྟན་གསེར་གྱི་དྷྭ་ཛ་ཐལ་ཕུང་དབུས་སུ་བཀྲག་མདངས་ཡལ་བའི་ཚེ།།
འཇིགས་བྲལ་དཔའ་བོས་ཐེག་གསུམ་ཆོས་ཀྱི་གད་རྒྱངས་བསྒྲགས་པ་ཅིས་མི་མཚར།།

རིག་འཛིན་གོང་མ་རི་ཡི་ཕྲེང་བའི་ལུང་བསྟན་དུས་སུ་སྨིན་པའི་བརྡར།།
དཔའ་བོ་མཁའ་འགྲོ་འབུམ་གྱི་བྲོ་ར་འོག་མིན་ས་ལ་སྤྱོད་པའི་ཞིང་།།
ཐོས་དང་མཐོང་བས་གྲོལ་འགྱུར་གསེར་ལྗོངས་བླ་རུང་ཆོས་ཀྱི་སྡེ་ཆེན་པོ།།
གང་གི་ཐུགས་བསྐྱེད་མཐུ་ལས་རིས་མེད་སྐྱེ་རྒུ་ཡོངས་ཀྱི་དཔལ་དུ་བལྟམས།།

འཁོར་ལོ་གསུམ་དང་རིག་པ་འཛིན་པའི་སྡེ་སྣོད་རྒྱ་མཚོའི་དགོངས་དོན་ཉིད།།
རྒྱ་བོད་མཁས་པའི་གཞུང་དང་མཐུན་པར་ཚངས་དབྱངས་ང་རོ་ལ་དྲངས་ནས།།
ཉམས་རྟོགས་རྒྱན་གྱིས་སྤྲས་པའི་ངེས་ཤེས་ཙིནྟ་མ་ཎིའི་བགོ་སྐལ་ནི།།
མཐའ་ཡས་གདུལ་བྱའི་ཚོགས་ལ་འགྱེད་མཛད་ངག་གི་དབང་བོ་འཆད་ལ་དཔའ།།

གང་ཐུགས་ཨ་དར་ཤ་རུ་བཀྲ་བའི་ལུང་རིགས་སྒེག་མོའི་མཛེས་ཞལ་གྱིས།།
མཁྱེན་རབ་མངའ་བདག་འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་བརྟན་པ་རབ་འཕྲོག་པས།།
དྲན་པའི་དབང་བོས་བློ་གྲོས་གཞུ་མཆོག་ལས་ཐོན་དགག་བཞག་སྟོང་གི་མདར།།
གཞན་བློའི་བྲག་ཕུག་ནང་དུ་ཉལ་བའི་གཏི་མུག་སྲིན་བྱའི་ཁྱུ་དག་དངངས།།

ཟས་གཙང་སྲས་པོས་ང་ཉིད་ཡི་གེའི་གཟུགས་སུ་འགྱུར་ཅེས་བསྟན་པ་བཞིན།།
འབྱུང་འགྱུར་གདུལ་བྱའི་ཡིད་བློ་ཐོས་བསམ་སྒོམ་པའི་ལམ་བཟང་ལ་གཞོལ་ཕྱིར།།
ཉོན་མོངས་འདུལ་བྱེད་ནང་གི་གཙུག་ལག་དག་དང་ཤེས་བྱའི་གནས་མང་པོ།།
སྙན་འཇེབས་རྗོད་བྱེད་ཚིག་གི་སྐུད་པར་བརྒྱུས་པའི་བསྟན་བཅོས་འགྲོ་ལ་བསྩལ།།

ཨེ་མ་བསླབ་གསུམ་ནོར་ལ་དབང་འབྱོར་གདུལ་བྱ་རྣམ་བཞིའི་འཁོར་ཚོགས་དང་།།
རིམ་གཉིས་ལ་གཞོལ་མཆོག་གི་དངོས་གྲུབ་བདེ་བར་སྤྱོད་པའི་རྣལ་འབྱོར་རྣམས།།
ཡིད་འོང་ཆུ་སྐྱེས་ཚལ་དུ་ཕྱོགས་ཀྱི་བྷྲ་མ་ར་དག་འདུ་བ་བཞིན།།
གང་གི་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་མྱོང་བར་ལྷགས་ལ་ལྟོས།།

སྙིགས་མའི་གཟི་མདངས་དྲག་ཏུ་རྒྱས་ཤིང་རྣམ་དག་བསྟན་པ་ཉམས་དམས་པས།།
ལུང་རྟོགས་འོད་སྣང་དཀར་པོ་རེ་ཞིག་མི་མངོན་དབྱིངས་སུ་གཟིམས་པ་ན།།
ཤཱཀྱའི་ལུགས་ཉིད་སྲིན་འབུའི་ཚོགས་ཀྱིས་རྩེན་པའི་གདོང་ལྔའི་རོར་གྱུར་བར།།
ཞུམ་མེད་སྙིང་སྟོབས་ཡ་ལད་ཐོགས་བཞིན་རྒྱལ་བསྟན་རིན་ཆེན་དག་ཐེར་མཛད།།

ལས་དབང་ངན་པའི་ཡོ་ལང་དུས་ཀྱི་རྒུད་པའི་གྲིབ་མ་ལྡོག་ཕྱིར་དང་།།
རྣམ་དཀར་སྨོན་ལམ་བདུད་རྩིའི་བཅུད་ཀྱིས་འཚོ་དག་སྨིན་ཅིང་གྲོལ་སླད་དུ།།
རྟོག་གེའི་བློ་ཡི་ར་བ་ལས་འགོངས་འོད་གསལ་ཆོས་སྐུའི་དགོངས་གཏེར་ལ།།
བྱིན་རླབས་དཔལ་འབར་རང་བྱུང་རྟེན་གྱི་དྲྭ་བས་ཕྱུགས་པ་འདི་ཀོ་རྨད།།

གང་གི་ཐུགས་གསང་འགྱུར་མེད་བདེ་སྟོང་ཡེ་ཤེས་ཆེན་པོའི་རྩལ་རྫོགས་པས།།
ཕྱོགས་བཅུར་བཞུགས་པའི་རྒྱལ་དང་རྒྱལ་སྲས་ཡི་དམ་མཁའ་འགྲོ་རོལ་བའི་གནས།།
མཐའ་ཡས་མཁའ་ཁྱབ་ཞིང་དུ་སྤྲུལ་པའི་སྒྱུ་འཕྲུལ་རྩོལ་མེད་སྤྲོ་མཛད་པ།།
དག་པ་རབ་འབྱམས་ལོངས་སྤྱོད་རོལ་ལ་གྲུབ་པའི་བདག་པོ་ཁྱོད་ཉིད་མཁས།།

དབང་ཕྱོགས་ཙི་ནའི་མཁའ་རུ་ཐེག་དགུའི་ཉིན་བྱེད་འདྲེན་པའི་སྟ་གོན་དུ།།
འཇམ་དཔལ་གཞོན་ནུའི་བསྟི་གནས་རང་སྣང་རྣམ་དག་རྩ་གསུམ་ལྷ་ཡི་ཞིང་།།
དྭངས་བསིལ་མཚན་ཅན་རི་བོར་སྡེ་གཉིས་འདུས་པའི་དཀྱིལ་འཁོར་བཤམས་པ་ན།།
བསོད་ནམས་ཤུགས་ཆེན་རྟེན་འབྲེལ་དགེ་མཚན་བྱེ་བའི་རླུང་གི་ཤིང་རྟ་བསྐྲུན།།

གངས་ཅན་ཤིང་རྟའི་སྲོལ་འབྱེད་ཡོངས་རྫོགས་བསྟན་པའི་མཛོད་འཆང་རོང་ཀློང་ཟུང་།།
སྔོན་བྱོན་མཁས་དང་གྲུབ་པའི་ལུགས་མཆོག་ཉ་གང་ཟླ་བའི་དཀྱིལ་འཁོར་ནི།།
སྣ་ཚོགས་ཕྱི་ནང་ཉེར་འཚེའི་རྐྱེན་གྱི་ཆུ་འཛིན་ཡོལ་བས་གབ་པ་ན།།
ཐུགས་བསྐྱེད་སྟོབས་ཀྱིས་བསྐུལ་བའི་མཛད་བཟང་རླུང་གིས་སླར་ཡང་གསལ་བར་བྱས།།

ཕྲིན་ལས་རྩིབས་མ་འབུམ་ལྡན་ཆོས་སྲིད་འཁོར་ལོ་ཕྱོགས་ཀུན་བརྡལ་བ་ལས།།
གྲགས་སྙན་དྲི་ཟའི་རོལ་དབྱངས་རི་རབ་སུལ་ན་འཁྲོལ་བའི་མགོན་པོ་ཉིད།།
སྤྱན་རས་གཟིགས་དབང་འགྲོ་བའི་དེད་དཔོན་མཚུངས་པ་མེད་པའི་སྡེ་བཟང་པོར།།
ཟབ་གཏེར་ཆོས་ཀྱི་ལེགས་སྐྱེས་ཕུལ་ཚེ་ལྷ་ཀུན་དགྱེས་པའི་བྲོ་གར་འཁྲབ།།

ཉོན་མོངས་བདུད་ཀྱི་ཞིང་དུ་ལོག་སྨོན་མི་གཙང་ཆར་བས་གསོས་བཏབས་པའི།།
བསྟན་འགྲོའི་སྲོག་རྩ་གཅོད་བྱེད་རྒྱལ་འགོང་ཤུགས་ལྡན་དུག་གི་སྡོང་བོ་དེ།།
ཧེ་རུ་ཀ་དཔལ་ཁྱོད་ཀྱིས་མངོན་སྤྱོད་རྡོ་རྗེའི་མེ་ཆར་གྱིས་གཞིལ་ཚེ།།
དཀར་ཕྱོགས་རྒྱལ་བའི་གླུ་སྒྲ་སྙན་པོས་འཇིག་རྟེན་ཁམས་འདི་དགེ་བར་བཀོད།།

མཚོ་འཁྲུངས་རྒྱལ་བའི་ཞབས་མཐིལ་ཨུཏྤལ་ཕྲེང་བས་མཛེས་པར་སྤུད་པའི་ལྗོངས།།
ལེགས་བྱས་འོད་ཀྱི་ལྡིང་ཁང་དབུས་སུ་རབ་བརྗིད་འབྲུག་གི་རྒྱལ་ཁམས་དང་།།
སྡེ་བཞིའི་དཔལ་གྱིས་དྲེགས་ཤིང་ལེགས་ཚོགས་འབྱུང་གནས་ཨ་རིའི་ཡུལ་སོགས་སུ།།
བརྩེ་ཆེན་ཐུགས་ཀྱི་སྤྲིན་ལས་དམ་ཆོས་སྦྲང་ཆར་འགྲོ་བའི་ཞིང་སར་འཇོ།།

རྒྱ་ཆེན་གཞི་ལམ་འབྲས་བུའི་རྣམ་གཞག་ལྷ་ལམ་ཡངས་པོ་མ་མཐོང་ཞིང་།།
ཤིན་ཏུ་དོག་པའི་བློ་ཡི་ཁྲོན་པར་རྨོངས་བརྟུལ་གཉིད་ཀྱིས་དུས་འདའ་བའི།།
ཆོས་པའི་གཟུགས་ཅན་འགའ་ཡིས་ཆགས་སྡང་མི་སྙན་ཀུ་ཅོ་འདོན་པ་ན།།
རིས་སུ་མ་ཆད་དག་སྣང་འོད་ཀྱིས་གཞན་སེམས་དགེ་བའི་ལམ་དུ་འཁྲིད།།

ཕྱི་རབས་འགྲོ་བར་རབ་ཏུ་དུང་བའི་ཚད་མེད་བྱམས་བརྩེའི་རི་མོ་ཅན།།
མགོན་པོ་གང་གི་འཁྲུལ་བྲལ་ཟབ་བརླིང་ཐུགས་ཀྱི་དཔལ་བེའུ་ལས་བྱུང་བ།།
གཞན་སེམས་མ་དཀྲུག་རང་ཚུགས་མ་ཤོར་མཛོད་ཅེས་བཀའ་ཆེམས་རྡོ་རྗེའི་ཚིག།
ཡ་རབས་སྐྱེ་བོའི་ལུགས་ཀྱིི་གདམས་བཟང་ཀུན་ལ་ཕ་ཕོག་ཚུལ་ཏུ་གནང་།།

ཞལ་གསུང་སྤྲིན་གྱི་སྒྲ་དབྱངས་ལྷ་དབང་རྒྱལ་བའི་རྔ་ཆེན་ལྡིར་ཙམ་གྱིས།།
ནག་ཕྱོགས་ལུས་མེད་སྡེ་ཡི་སྙིང་ལ་མི་བཟད་འཇིགས་པ་འབུམ་སྟེར་ཏེ།།
ངེས་ཤེས་མྱུ་གུ་གསར་བའི་ལང་ཚོས་སྐལ་བ་ལྡན་དག་མཛེས་བྱས་པས།།
རྣམ་མང་ཏིང་འཛིན་སྒོ་འཕར་ཡངས་པོར་གྲོལ་ལ་ཁྱོད་ཉིད་ཟླ་བོས་དབེན།།

སྟོང་གསུམ་ནོར་གྱི་ཕུང་བོ་གཅིག་ཏུ་བསྡུས་པའི་བང་བ་ལས་ལྷག་པ།།
རིན་གྱིས་གཞལ་མིན་གདམས་བཟང་ཞིམ་མངར་འོ་མ་ལོངས་སུ་སྤྱད་པ་ལས།།
བློ་གྲོས་ཁོ་ལག་རབ་ཏུ་རྒྱས་ཤིང་ཉམས་རྟོགས་རྩལ་དགུ་རྫོགས་པ་ཡི།།
སློབ་ཚོགས་གཉིས་འཐུང་ཁྱུ་ཞིག་རྒྱལ་བསྟན་མ་ལ་ཡ་ཡི་རྒྱན་དུ་རྒྱུ།།

ཕྱི་རུ་ཚུལ་ཁྲིམས་གཙང་མའི་དྲི་ངད་འཐུལ་བས་ཁ་ན་མ་ཐོ་བྲལ།།
ནང་དུ་རླབས་ཆེན་རྒྱལ་བའི་སྲས་པོ་བྱང་སེམས་བསླབ་པའི་དབྱིག་ལ་དབང་།།
གསང་བ་རིམ་གཉིས་ཟུང་འཇུག་རྡོ་རྗེ་ཐེག་པའི་རྣལ་འབྱོར་མངོན་པར་བྱས།།
རང་བྱུང་འཆི་མེད་མཚོ་འཁྲུངས་རྒྱལ་བའི་དོན་གྱི་ཞལ་སྐྱིན་ཁྱོད་ཉིད་ཙམ།།

རྟོག་ཚོགས་ཡོངས་དག་ཀུན་བཟང་བླ་མའི་དགོངས་ཀློང་ལྕགས་ཀྱི་ར་བ་རུ།།
སྣང་སྲིད་ཆོས་ཀུན་ལུས་པ་མེད་པར་སྟོང་ཉིད་ལྟ་བའི་རྒྱས་བཏབས་ཤིང་།།
འཁོར་འདས་བཟང་ངན་དགེ་སྡིག་རྒྱུ་འབྲས་ཡེ་ནས་རྡུལ་ཙམ་མ་གྲུབ་ཀྱང་།།
སྤང་བླང་མ་འདྲེས་ཚུལ་བཞིན་སྤྱོད་པས་དོན་གྱི་རྡོ་རྗེ་འཛིན་པ་ཆེ།།

ཆོས་དབྱིངས་རྣམ་པར་རྒྱལ་བའི་གོ་སར་གཉུག་མའི་མགོན་པོའི་ངོར་བཞེངས་པས།།
སྐྱེ་འཆིའི་གཉིས་སྣང་སྒྲོག་ལས་གྲོལ་བཞིན་གདུལ་བྱའི་རྟག་འཛིན་ཞིག་ཕྱིར་དུ།།
ཐ་མལ་བློ་ཡི་རྫིང་བུར་གཟུགས་སྐུའི་སྣང་བརྙན་ནུབ་པའི་ཚུལ་ངོམ་ཡང་།།
ཐུགས་རྗེའི་འོད་སྣང་ཆད་པ་མེད་པར་མཁའ་ཁྱབ་ཞིང་དུ་སྤྲོ་བར་སྨོན།།

མྱ་ངན་ལས་འདས་ཞི་བ་ཆེན་པོར་གང་སྐུ་རེ་ཞིག་གཟིམས་གྱུར་ནས།།
ཕྱི་རོལ་ལོ་ཟླའི་དུས་ཀྱི་འཁོར་ལོ་རིམ་གྱིས་རྒྱང་དུ་བསྐྱོད་ན་ཡང་།།
འགྲོ་མང་སྙིང་གི་པདྨོ་དད་འདུན་འདབ་སྟོང་དགྱེས་པའི་འོད་ཁྱིམ་དུ།།
དྲིན་ལྡན་བླ་མའི་གསེར་ཞལ་རྒྱུན་མི་ཆད་པར་བཞད་འདི་ཅིས་མི་མཚར།།

དེ་སྐད་མ་བཅོས་སྙིང་གི་དད་གུས་ངག་གི་ཕྲེང་བར་བཀོད་པའི་མཐུས།།
མཐའ་དག་ལམ་གྱི་གོལ་ས་ཅི་མཆིས་སེམས་ཉིད་ནམ་མཁའ་ལ་ཞིག་ཅིང་།།
རེ་དོགས་འཁོར་བའི་སྣང་བ་ཐམས་ཅད་མཉམ་ཉིད་ཀློང་དུ་ཡལ་གྱུར་ནས།།
རིང་བོར་མི་ཐོགས་སྐུ་གསུམ་བླ་མའི་དགོངས་པ་བདག་ལ་ཐིམ་གྱུར་ཅིག།

ཅེས་སངས་རྒྱས་པད་མའི་གདུང་འཚོབ་ཆེན་པོ་མཁས་དང་གྲུབ་པའི་དབང་ཕྱུག་བླ་ན་མེད་པ་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུའི་གསེར་ཞལ་ཚེ་འདིར་མཇལ་བའི་སྐལ་བ་རྨད་དུ་བྱུང་བའི་དགའ་སྟོན་གྱི་ཡོ་ལང་སྙིང་ལ་རྟག་ཏུ་བཀྲ་བའི་གུས་འབངས། ནུབ་ཕྱོགས་ཨ་རིའི་རྒྱལ་ཁམས་སུ་ཚེ་འདིའི་སོ་ཚིས་དང་། དོན་མེད་ཀྱི་ཤེས་བྱའི་ཀློང་དུ་མི་ཚེ་སྟོང་ཟད་བཏང་ཟིན་པའི་གྱི་ན་བ་ཨ་གནམ་ཐུབ་བསྟན་གྱིས་འཛམ་གླིང་རིག་པ་འབྱུང་བའི་གྲོང་ཁྱེར་བྷིར་ཁི་ལའི་རང་ཤག་ཞི་བའི་དགའ་ཚལ་དུ་སྦྱར་བའོ། །ཕྱི་ལོ༢༠༡༨ཟླ༡༠ཚེས༡༥ཉིན།