དཀར་ཆག
བསྟོད་ཚོགས

ཟབ་མོ་སྤྲོས་བྲལ་ལ་བསྟོད་པ་མཁའ་ལྡིང་གཤོག་སྒྲ།

སྐྱེ་འགག་མཚན་མའི་དྲྭ་བ་ཡོངས་དག་ཅིང་།།
འཁོར་འདས་ཀུན་ལ་བརྡལ་བའི་དེ་བཞིན་ཉིད།།
མངོན་དུ་མཇལ་ཚེ་འཕགས་པའི་སར་བགྲོད་པ།།
ཨ་མ་སྟོང་ཆེན་རྒྱལ་མོར་གུས་པས་འདུད།།

འགྲོ་བའི་འདྲེན་པ་ཟས་གཙང་སྲས་པོ་དེས།།
གཞན་གྱིས་ཤིན་ཏུ་རྟོགས་པར་དཀའ་བའི་དོན།།
བརྗོད་དུ་མེད་པ་བརྗོད་པའི་ཚུལ་མཛད་པས།།
འཇིག་རྟེན་འདི་ན་སྨྲ་བའི་དབང་ཕྱུག་གྱུར།།

ཇི་ལྟ་བ་དང་རྒྱུ་འབྲས་ལ་རྨོངས་པའི།།
མ་རིག་རྣམ་པ་གཉིས་ཀྱིས་ཉེར་བསྐྱེད་པ།།
སྣ་ཚོགས་ལྟ་བའི་མཆིང་བུ་སྤུངས་པའི་ཁྲོད།།
ཤཱཀྱའི་རིང་ལུགས་ནོར་བུའི་འོད་མདངས་མཛེས།།

ནམ་མཁའི་གོས་ཅན་དྲང་སྲོང་སེར་སྐྱ་སོགས།།
ཐམས་ཅད་ཤེས་པར་གྲགས་པའི་མཁས་རྣམས་ཀྱི།།
བློ་ཡི་ཁྲོན་པའི་རྫིང་བུར་མ་ཤར་པ།།
སྤྲོས་བྲལ་ནམ་མཁའི་ཀློང་ཆེན་ལ་ཕྱག་འཚལ།།

རྟོག་གེའི་བློ་ཡིས་ཇི་ལྟར་དཔྱད་གྱུར་ཅིང་།།
མཐར་གྱི་གནས་ལུགས་ནམ་ཡང་མ་རྟོགས་པར།།
དང་བོར་རགས་དང་མཐའ་མར་ཕྲ་བ་ཡི།།
རྟག་ཆད་གཡང་དུ་ལྷུང་བ་སྐྱོ་བའི་ཡུལ།།

སེམས་ཀྱིས་བཟོས་པའི་སྒྲ་དང་རྟོག་པ་ཡིས།།
ཐམས་ཅད་འགལ་འདུའི་རང་བཞིན་དུ་མཐོང་བས།།
ཡོད་དང་མེད་པའི་མཐའ་རུ་འཛིན་པ་འདི།།
དམིགས་མེད་ལྟ་བའི་རྒྱལ་པོའི་ཆར་མི་ཉེ།།

རྟགས་དང་རིགས་པའི་དཀའ་བས་བསྒྲུབས་པའི་དོན།།
མི་རྟག་ལ་སོགས་ཆོས་ཉིད་ལ་ཉེ་ཡང་།།
ད་དུང་ཐ་སྙད་བདེན་པའི་རར་ཚུད་པས།།
དོན་དམ་བདེན་པ་ཀུན་ལས་འཕགས་ལ་བསྔགས།།

ཆོས་རྣམས་གང་དུ་གནས་པ་གཞིགས་པའི་ཚེ།།
གཞི་མེད་རྩ་བྲལ་ངང་དུ་བརྡིབས་གྱུར་ནས།།
འདི་ཞེས་གཏད་སོ་ཅི་ཡང་མ་རྙེད་བཞིན།།
ཅང་མེད་བེམ་སྟོང་ཕྱོགས་སུ་མ་ཤོར་མཚར།།

གདོད་མའི་དབྱིངས་སུ་སྤྲོས་པ་ཉེེར་ཞི་ཞིང་།།
གཅིག་དང་ཐ་དད་བྱ་བའི་མིང་མེད་བཞིན།།
སྣ་ཚོགས་སྣང་བ་འཛད་མེད་འཕྲོ་བའི་ཚུལ།།
ཐད་ཀར་རྟོགས་པས་བདེན་པ་མངོན་དུ་གྱུར།།

འཁྲུལ་བྲལ་དབུ་མའི་གཞུང་ལུགས་རླབས་ཆེན་པོར།།
རྒྱས་པར་བཀྲལ་བའི་དཔྱད་འཇོག་སྒོམ་པ་ལ།།
ཡུན་རིང་རྩོལ་བའི་འབྲས་བུ་ཤར་བའི་སྐབས།།
སྤྲོས་མཐའ་ཀུན་བྲལ་དོན་ལ་རེག་པ་སྤྲོ།།

དབང་བོ་ཡང་རབ་ལྡན་པའི་སྐྱེ་བོ་ཡིས།།
ཕྱི་དང་ནང་གི་རྐྱེན་ཀུན་འཛོམས་པའི་མཐུས།།
བློ་ཡི་དཀའ་བ་མང་དུ་མི་སྤྱོད་པར།།
རྟོགས་པ་ཅིག་ཅར་རྙེད་པ་ཡིད་རེ་དགའ།།

ཟབ་མོ་སྟོང་ཉིད་གཏན་ལ་འབེབ་པའི་ཚེ།།
དགག་བྱ་བཀག་ཙམ་ཡིད་ལ་འཆར་རྗེས་སུ།།
འདུས་མ་བྱས་པའི་དོན་དམ་མཐར་ཐུག་པ།།
མྱོང་ཚེ་བསལ་དང་བཞག་བྱ་ཅུང་མ་མཆིས།།

མཐའ་ཡས་གཞུང་ལུགས་སྐར་ཚོགས་ལྟ་བུའི་ནང་།།
དགག་བཞག་སྤོང་གསུམ་རྣམ་བཞག་རྒྱ་ཆེ་ཡང་།།
བློ་ཡི་འཛིན་སྟངས་མཐའ་དག་ཞིག་པ་ན།།
དེ་ལས་གུད་དུ་ལྟ་བ་མེད་པ་རྨད།།

རྒྱལ་བའི་དགོངས་པ་ཤིན་ཏུ་གཏིང་ཟབ་པ།།
ཀླུ་སྒྲུབ་ཞབས་ཀྱིས་རྒྱས་པར་བཀྲལ་བ་ཉིད།།
ཟླ་བ་གྲགས་པས་སླར་དུ་གསལ་མཛད་ཀྱང་།།
ཇི་བཞིན་རྟོགས་པའི་སྐྱེ་བོ་ཉིན་སྐར་བཞིན།།

ཨེ་མ་བདག་གི་སྟོན་པ་ཉི་མའི་གཉེན།།
གྲུབ་མཐའི་མཁན་པོ་གཞན་གྱིས་མ་རྟོགས་པ།།
ཁྱོད་ཀྱིས་སྟོང་བ་ཉིད་ཀྱི་སྒྲ་དབྱངས་ཆེ།།
ས་ཆེན་འདི་རུ་བསྒྲགས་པས་ཟླ་དང་བྲལ།།

སྨྲ་བསམ་བརྗོད་བྲལ་ཐོག་མཐའ་བྲལ་བའི་གཤིས།།
ཆ་ཙམ་གཞལ་ཡང་སྲིད་པ་ཧྲུལ་བྱེད་པ།།
སྦྱིན་སོགས་བསོད་ནམས་མང་དུ་བསགས་པ་ལས།།
དེ་ཉིད་ཡུད་ཙམ་བསྒོམས་པའི་འབྲས་བུ་མཆོག།

ཉིན་བྱེད་འོད་ཀྱིས་སྟོང་བའི་བྲག་ཕུག་ཏུ།།
ཡུན་རིང་གབ་པའི་མུན་པའི་ཕུང་བོ་ནི།།
མར་མེའི་འོད་ཀྱིས་སྐད་ཅིག་སེལ་བ་བཞིན།།
སྤྲོས་བྲལ་མངོན་སུམ་ཤར་ཚེ་བཅིངས་པ་ཞི།།

འཕགས་པའི་ཡུལ་དང་གངས་ལྗོངས་ཞིང་ཁམས་ན།།
དམ་པའི་སྐྱེས་བུ་གསེར་རིའི་ཕྲེང་བ་ཡིས།།
དགོངས་པ་གཅིག་གིས་ཐལ་འགྱུར་བ་ཡི་ལུགས།།
གསུང་དབྱངས་མཐུན་པར་འཆད་ལ་སུ་མི་དགྱེས།།

བསམ་གྱིས་མི་ཁྱབ་རབ་འབྱམས་ཆོས་ཀྱི་དབྱིངས།།
སེམས་ཀྱི་དབུལ་བ་སེལ་བས་ཡིད་བཞིན་ནོར།།
ཉོན་མོངས་ཚ་གདུང་འཇོམས་པའི་དཔག་བསམ་ཤིང་།།
ཟག་བྲལ་དགའ་བདེ་མཐའ་དག་འབྱུང་བའི་གཞི།།

ཐེག་ཆེན་ཆོས་སྒོར་ཞུགས་ཀྱང་བློ་དམན་པས།།
ཁས་ལེན་ཅི་ཡང་མེད་པའི་བཞེད་ཚུལ་ལ།།
རྨོངས་འཁྲུལ་དབང་གིས་ངེས་ཤེས་མ་སྐྱེས་ཚེ།།
ཟབ་མོའི་གནད་ལ་སྡང་བ་ཤིན་ཏུ་མང་།།

སྔོན་དང་ད་ལྟར་བཞུགས་པའི་རྒྱལ་བ་དག།
དོན་འདི་འབའ་ཞིག་གཟིགས་པའི་བསམ་གཏན་ངང་།།
ཤེས་བྱ་གང་གི་ཕྱོགས་སུ་མ་ལྷུང་བས།།
གྲུབ་མཐའི་ཆུ་ཀླུང་མ་ལུས་གཅིག་ཏུ་གཞོལ།།

ལྟ་བ་རབ་ཡངས་མཐའ་བྲལ་ཆེན་པོ་ལས།།
སྒོམ་པ་དམིགས་གཏད་བྲལ་བ་འཁྲུངས་པའི་མཐུས།།
འབྲས་བུ་རེ་དོགས་རྩད་ནས་འབྱིན་དང་ལྷན།།
བློ་བདེ་གུ་ཡངས་མྱོང་བའི་བསྐལ་བཟང་བཀྲ།།

དང་བོར་བློ་ཡི་དངོས་འཛིན་བཅོམ་པའི་སླད།།
རྟགས་ཀྱི་དགག་བྱ་བདེན་གྲུབ་བསལ་དགོས་ཀྱང་།།
རྗེས་སུ་དངོས་དང་དངོས་མེད་གཉིས་ཀ་ལ།།
ཡོངས་སུ་མི་བརྟེན་དབུ་མ་པ་ཡི་ལུགས།།

འགའ་ཞིག་ཚིག་དང་བརྡ་ཆད་ལ་འཁྲིལ་ནས།།
དཔྱད་པ་རྫོགས་སོ་སྙམ་པའི་ཁེངས་སྐྱེ་བ།།
མཛུབ་མོ་ཟླ་བར་འཁྲུལ་བ་ལྟ་བུ་ལས།།
ས་ལམ་ཆོད་ལ་ད་དུང་རྒྱང་ཐག་རིང་།།

ལྟ་བའི་བརྡར་ཤ་ལེགས་པོ་མ་ཆོད་པར།།
ཉི་ཚེའི་ཏིང་ངེ་འཛིན་ལས་བྱུང་བའི་ཉམས།།
མཛེས་པའི་འཇའ་བཞིན་མྱུར་དུ་ཡལ་བས་ན།།
བདེན་པ་མཐོང་ལ་ཐར་པ་འདོད་རྣམས་རེམས།།

རྣམ་རྟོག་གང་ཤར་རྗེས་སུ་མི་འབྲང་བར།།
སེམས་ཀྱི་ཆོས་ཉིད་འོད་གསལ་བ་ཡི་ཐོག།
སྒྲོ་བསྐུར་བཅས་བཅོས་རྩོལ་བ་བཏང་བཞིན་དུ།།
ཡང་དག་ཉིད་ལ་མཉམ་པར་བཞག་པས་གྲོལ།།

འཕགས་ཡུལ་མཁས་དང་གྲུབ་པའི་རྗེས་འཇུག་མཆོག།
རྣལ་འབྱོར་དབང་ཕྱུག་དྲི་མེད་འོད་ཟེར་གྱི།།
རྨ་མེད་ལེགས་བཤད་ཉི་མའི་འོད་ཟེར་ལ།།
བདག་ཡིད་པདྨོ་རང་དབང་མེད་པར་ཕྱོགས།།

ཤིན་ཏུ་རྟོགས་དཀའི་གཞུང་ལུགས་ཉིན་བྱེད་ནི།།
ཕས་རྒོལ་སྤྲིན་གྱི་ཡོལ་བས་བསྒྲིབས་པའི་ཚེ།།
རྒྱ་ཆེན་གཞུང་ལ་ནང་བྱན་ཆུད་པ་ཡི།།
སྨྲ་བའི་སེང་གེའི་གསུང་གི་དྲི་བཞོན་ལྡང་།།

ཨུ་དུམ་ཝ་ར་བཞིན་དུ་རྙེད་དཀའ་བ།།
དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར།།
རྣམ་གཡེང་ཀློང་དུ་སྟོང་ཟད་མི་གཏོང་བར།།
ཆོས་ཉིད་དོན་ལ་གཞོལ་བར་དམ་པས་བསྐུལ།།

ཨ་ཧོ་ལས་སྨོན་དག་པའི་རྟེན་འབྲེལ་གྱིས།།
ཐོས་པར་དཀའ་བའི་སྟོང་བ་ཉིད་ཀྱི་ཆོས།།
ཚེ་འདིར་འཕྲད་པའི་དགའ་བའི་རླབས་ཕྲེང་ནི།།
ཡིད་ཀྱི་མཚོ་མོར་འཕྱུར་བས་ཀུན་ཏུ་ཤིས།།

དེ་ལྟར་སྨྲས་ལ་ལེགས་བྱས་གང་མཆིས་པ།།
ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར།།
མཚན་ཉིད་ལྡན་པའི་བཤེས་དང་མི་འབྲལ་ཞིང་།།
རྣམ་གྲོལ་གྲོང་དུ་བསྐྱོད་པའི་རྒྱུ་རུ་བསྔོ།།

ཞེས་སྨྲ་བསམ་བརྗོད་བྲལ་གྱི་དོན་གྱིས་ཡིད་རབ་ཏུ་འཕྲོག་པའི་སྙོམས་ལས་པ་ཨ་གནམ་ཐུབ་བསྟན་གྱིས་ཨ་རིའི་གྲོང་ཁྱེར་ཆེན་མོ་བྷིར་ཁི་ལས་ནས་སྤྲིངས་པའོ།།